ཡུལ་རྐང་ཚའི་བག་རས་སློང་སྲོལ་རག་ཙམ་བརྗོད་པ།
发布时间:2018年05月14日 消息来源:རྫོང་གསར་འགྱུར་ལྟེ་གནས།

སྤྱིར་མདོ་དབུས་ཁམས་གསུམ་བཅས་བོད་ཁུལ་གྱི་གཉེན་སྒྲིག་སྟོན་མོའི་ལུགས་སྲོལ་ལས་གླུ་ལེན་གར་རྩེད་དང་གཏམ་བཤད་སོགས་སྤྱིའི་འགྲོས་གཅིག་མཐུན་ཡིན་ཀྱང་། ཁ་དཔེ་ལ་ས་ཆ་རེ་ལ་དཔེ་རེ།། ལུང་པ་རེ་ལ་ཆུ་རེ།།ཞེས་པ་ནང་བཞིན་བྱེ་བྲག་ས་ཕྱོགས་དང་ཡུལ་ལུང་སོ་སོའི་གོམས་སྲོལ་གྱི་དབང་གིས་མི་འདྲ་བའི་ཁྱད་པར་ཡང་ཡོད་པ་རེད། དེ་བས་ཡུལ་རྐང་ཚར་མཚོན་ན་གཉེན་སྟོན་གྱི་སྐབས་སུ་བག་མའི་བག་རས་དང་མག་པའི་ཆུ་དར་ཞེས་པ་གཉིས་ཡོད་ལ།  དེ་རིང་འདིར་བརྗོད་འདོད་པ་ནི་བག་མའི་བག་རས་སློང་སྲོལ་གྱི་སྐོར་ཡིན།


སྤྱིར་བག་རས་སློང་བ་ནི་ཡུལ་རྐང་ཚར་མཚོན་ན་ཕ་མེས་ནས་བརྒྱུད་ཡོང་བའི་སྲོལ་རྒྱུན་གྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མ་ཟད། གཉེན་སྟོན་ཆོ་གའི་ཁྲོད་ཀྱི་མི་རྣམས་ཆེས་དགའ་བའི་ཚན་པ་དེ་ཡིན། བག་རས་སློང་བའི་བརྒྱུད་རིམ་ནི་འདི་ལྟར་སྟེ།  དེ་ནི་ཐོག་མར་ཨ་ཞང་ཚང་གིས་བག་མ་བསྐྱལ་ནས་གཉེན་ཚང་ཚང་གི་ཁྱིམ་ལ་སླེབས་པའི་རྗེས་ནས། གཉེན་ཚང་ཚང་གི་མ་སྲུ་ཅུང་ཁ་བདེ་ལྕེ་བདེ། གཟུགས་སྐྱེས་ལས་འཛོམས་པ་ཞིག་གིས་གཉེན་ཚང་ཚང་གི་ཚབ་བྱས་ནས་ཨ་ཞང་ཚང་ལ་བག་མའི་བག་རས་སློང་དགོས་ལ། ཨ་ཞང་ཚང་གིས་ཀྱང་དེ་མ་ཐག་ཏུ་མི་སྟེར་བར་མ་བྱིན་སྔོན་ལ་ཨ་ཞང་ཚང་དང་གཉེན་ཚང་ཚང་གི་མ་སྲུ་ཚོས་ཕན་ཚུན་ལ་རྩེད་མཚར་གྱི་ཚུལ་དུ་ཁ་རྩོད་བྱེད་རེས་བྱེད་ལ། དེ་མ་ཡིན་པར་ཨ་ཞང་ཚང་གིས་ཐད་ཀར་བྱིན་ཚེ་དེ་ནི་ཨ་ཞང་ཚང་གིས་ཉིན་དེའི་ལ་རྒྱ་ཤོར་སོང་བ་ཡིན་ཟེར་བ་མ་ཟད། སྐབས་ལར་ཨ་ཞང་ཚང་གིས་མ་སྲུ་ཚོ་དང་འགྲན་མ་ཚུགས་པར་གྱུར་ཚེ་མ་སྲུ་ཚོས་ཨ་ཞང་ཚང་གྲལ་དཀྱིལ་ནས་དྲིད་ཏེ་མ་སྲུ་ཚོའི་གྲལ་ནས་འདུག་ཏུ་འཇུག་སྲིད་པའི་བཤད་སྲོལའང་ཡོད།  མཇུག་མཐར་བར་བ་རྒད་པོས་བར་རྒྱབ་ན་ད་གཟོད་ཨ་ཞང་ཚང་གིས་བག་མའི་བག་རས་ཡིན་ཞེས་གོས་སྟེང་འོག་གསུམ་སྟེར་བ་ཡིན་ལ། ཡང་ལ་ལས་རང་རང་གི་ཆ་རྐྱེན་དང་འཛོམས་ཚུལ་ལྟར་གོས་སྟེང་འོག་གསུམ་གྱི་སྟེང་ད་དུང་འཕྲུག་སོགས་འཇོག་སྲོལའང་ཡོད།

 




ཡུལ་རྐང་ཚའི་བག་རས་སློང་སྲོལ་ནི་དཔེར་ན་འདི་ལྟར་ཏེ།

ཡ་ད་་་་་་

དེ་རིང་བཀྲ་ཤིས་དུས་བཟང་གི་ཉིན་མ་འདི་ལ།

དགུང་ཨ་སྔོན་ནམ་མཁའི་ཞལ་འོག་ནས།

མཐིང་སྨུག་སྦྲ་ཡི་གུར་ཞིག་ཕུབ་གི།

སྐྱིད་ཀྱི་ལྷ་ཁྱིམ་གྲུ་བཞིའི་ནང་ལ།

བདག་གཞི་མགྲོན་གཉིས་ཀ་ལྷན་དུ་འཛོམས་ད།

རིན་ཆེན་ས་གཞིའི་གདན་ཞིག་སྟེང་གི།

རིན་ཆེན་ས་གཞིའི་གདན་གྱི་སྟེང་ལ།

ས་དཀར་ཐབ་ཀའི་ཁྲི་ཞིག་རྒྱག་གི།

ས་དཀར་ཐབ་ཀའི་ཁྲི་ཐོག་ལ།

མདོག་ཡག་ཟངས་དཀར་གཤོག་དྲུག་བསྐྱོན་གི།

ཁ་ར་དཀར་པོའི་མཁར་ནང་ལ།

བཅུད་ལྡན་འབྲི་བརྒྱའི་འོ་མ་ལྡུག་གི།

འདིི་ཁ་ནས་མ་ཕུད་ལྡེམ་སེ་ཡོད་ཁུ།

ཞབས་ནས་མ་འཛུམ་འཁྱིལ་སེ་ཡོད་ཁུ།

འདི་གཉོམ་པོ་བེའུའི་ནུ་སྐལ་ཡིན་ནས་ཟེར་གི།

བཙན་པོ་མི་ཡི་འཐུང་སྐལ་ཡིན་ནས་ཟེར་གི།

མཐོན་པོ་ལྷ་ལ་མཆོད་སྐལ་ཡིན་ནས་ཟེར་གི།

ཡ་ད་་་་་་

ང་མཆོད་པའི་བསྐལ་བ་དུས་ལ་བབས་ན།

ང་ཨ་ཞང་བརྒྱ་ཡི་མན་ཆད་ནས།

གཉེན་ཚང་རྒྱ་ཡི་ཡན་ཆད་ནས།

ཁྲོམ་པ་བརྒྱ་ཡི་དཀྱིལ་ཚད་ནས།

མ་སྲི་བརྒྱ་ཡི་ཁ་རྒྱབ་ནས།

ང་ཟེལ་ལེ་ལྟེམ་མེ་ཡར་ལ་ལངས་ནས།

མགོ་སི་ལོང་ཝ་མོ་མར་ལ་འཕབ་བ།

ལག་དངུལ་ཐོམ་ཉ་མོ་ཆུ་འཛིན་ནང་ནས།

དཀར་འོག་མའི་མཆོད་པ་རྣམ་གསུམ་ཞིག་འཕེན་ཡ།

ཡ ་་་་་་

མཆོད་ཨོཾ་ཨཱ་ཧཱུཾ། མཆོད་ཨོཾ་ཨཱ་ཧཱུཾ།

མཆོད་མཆོད་མཆོད་ལ་དགུང་སྔོན་མཆོད།

དགུང་ཨ་སྔོན་ཀུན་གྱི་མགོ་སྦྲ་མཆོད

ས་དོག་མོ་ཀུན་གྱི་གདན་ས་མཆོད།

རྗེ་དྲིན་ཆེན་རྩ་བའི་བླ་མ་མཆོད།

ཕྱོགས་གྱེན་ན་བཞུགས་པའི་སངས་རྒྱས་མཆོད།

དུས་གསུམ་ན་གསོན་པའི་བྱང་སེམས་མཆོད།

རྗེ་རྒྱལ་བ་བློ་བཟང་གྲགས་པ་མཆོད།

ཡ་ད་་་་་་

མཆོད་དེ་འདྲ་མ་ཞིག་ཕང་ནོ་རྗེས་ནས།

སྐུ་རི་རྒྱལ་འདྲ་བའི་ཨ་ཞང་རྣམས་པས།

ཆང་བདུད་རྩི་བསིལ་མ་ཐང་ལ་བརྟེན་ན།

གསུང་འགག་མེད་རང་སྒྲ་མཚམས་ཤིག་བཞག་ནས།

ཐུགས་ཁྱུང་ཆེན་གདངས་ལ་དལ་ཞིག་ཕབ་སྟེ།

སྙན་དལ་ལྷུང་མ་བྱེད་ང་ཅིག་ཉོན་དང་།

ངེད་མ་སྲུ་ཚང་ལ་ཞུ་རྒྱུ་ཞིག་ཡོད་ཁུ

ཡ་ད་་་་་་

བོད་པའི་བུ་མོའི་བག་རས་ཞེས་ན།

འདི་སྲིད་པ་ཆགས་པའི་འགྲོ་སྲོལ་ཡིན་ལ།

གངས་ཅན་བོད་པའི་ལུགས་སྲོལ་ཡིན་པ།

འདིར་ཚོགས་ཁྲོམ་པའི་རྩེད་སྲོལ་ཡིན་པ།

འདི་མ་སྲུ་ཚང་གི་སློང་སྐལ་ཡིན་ལ།

ཨ་ཞང་ཚང་གི་སྟེར་སྐལ་ཡིན་པ།

འདི་བྱིན་ན་རྟེན་འབྲེལ་རང་འགྲིག་ཡིན་ལ། མ་བྱིན་མ་སྲུར་འཐོང་ཆུང་བྱས་པ་བཤད་ཅི་དགོས་ཨ་ཞང་ཁྱེད་ཚོས་མཁྱེན་ནི་རེད་ཅེས་ཐོག་མར་ཨ་ཞང་ཚང་ལ་བསྟོད་པའི་ཚུལ་གྱིས་སློང་དགོས་བ་དང་།   དེ་ནས་རིམ་བཞིན་ཨ་ཞང་ཚང་གི་བག་རས་སྟེར་མིན་གྱི་གནས་ཚུལ་ལ་གཞིག་ནས་ལན་སློག་དགོས།   དཔེར་ན།

ལོ་བསྐལ་བ་ཡག་གི་དང་པོ་མ་མགོ་སྐྱེས་མགོ་དོན་དག་བཅས་ནས་ཟེར་གི

ཨ་ཞང་ཚང་ལ་བག་རས་བསླངས་ནས་ཟེར་གི

མ་སྲུ་ཚང་གི་སློང་ཤེས་ན་ཨ་ཞང་ཚང་གིས་སྟེར་ཡག་ནས་ཟེར་གི

སློང་ཤེས་ནས་རྒྱལ་སྲས་ཟ་འོག་བསླངས་ནས་ཟེར་གི

སྟེར་ཤེས་ནས་འདོམ་པ་དགུ་བརྒྱ་བྱིན་ནས་ཟེར་གི

ཁྱེད་ཚང་ཡང་དཔེ་དེ་དང་ཆ་འགྲིག་ཡིན།

དོན་དེ་དང་གཅིག་མཚུངས་ཡིན།

སྟོད་འབུས་གཙང་ཡུལ་གྱི་ཕྲུག་ཅིག་དགོས།

ཕྲུུག་གཅིག་རུང་ཐིག་ལེ་མི་གཅིག་ནི་ཞིག

སྨད་རྒྱ་ནག་ཡུལ་གྱི་གོས་ཤིག་དགོས།

གོས་གཅིག་རུང་རི་མོ་མི་གཅིག་ནི་ཞིག

སྐུ་རྒྱལ་བོད་ཀྱི་དར་ཅིག་དགོས།

དར་དཀར་པོ་ཁ་ཚོར་རང་བྱོན་ཅན་ཞིག

གོས་ཁ་རས་ཁ་མི་ལེན།

ཀུ་རེ་སྐད་ཆ་མི་ཉན་ཞེས་པ་ལྟ་བུའོ།།

ནང་དོན་སྤེལ་མཁན། ཚེ་རིང་སྒྲོལ་མ།