ཕ་ཡུལ་རྐང་ཚའི་འབྲོག་སྟོན་སྐོར་གྱི་ཕྱག་ལེན།
发布时间:2018年03月28日 消息来源:རྫོང་གསར་འགྱུར་ལྟེ་གནས།


བོད་མཁར་རྐང་ཚ།

བོད་མཁར་རྐང་ཚ་ནི་མཚོ་སྔོན་པོའི་ཉིན་ལུང་དུ་གནས་བའི་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་ནང་གསེས་སུ་གཏོགས་པའི་རྫོང་ཁག་ཅིག་ཡིན། ལོ་རྒྱུས་ཀྱི་རྒྱུན་རིང་ལ་སྟོང་དཔོན་བླ་མ་རབ་བརྟན་ནས་བཟུང་ཡུལ་འདིར་མངའ་ཁོངས་རྒྱ་བསྐྱེད་པ་དང་འབངས་མི་བདེ་སྐྱིད་ཀྱི་འཚོ་བ་གསར་བར་བགྲོད་པའི་དབུ་ཁྱིད་བྲིས་ཤིང་། ད་ལྟ་རྫོང་འདི་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ལ་གྲངས་ཉུང་མི་རིགས་གཞི་སྡོད་ས་ཁུལ་དུ་གཏན་ཁེལ་བྱས་ཡོད་པར་མ་ཟད་བོད་མི་རིགས་ཀྱིས་གཙོ་བོར་བཟུང་ཡོད།  ཡུལ་རྐང་ཚའི་འབྲོག་མི་རྣམས་ནི་གནས་འདི་ནས་ལོ་རྒྱུས་ཀྱི་རྒྱུན་སྐྱོང་མཁན་དང་། མཚོ་སྔོན་པོ་མཐའ་འཁོར་ནས་རིགས་ཀྱི་རྒྱུད་མ་ཆད་པར་ད་ལྟའི་བར་དུ་གཞི་མ་ས་འཛིན་བྱེད་མཁན་ཡིན།

ཡུལ་རྐང་ཚའི་ས་ཁུལ་ནི་ས་ཁོངས་རྒྱ་ཆེ་ཞིང་རིགས་ཀྱི་གཞུང་རྒྱུད་དྲང་ལ་དཔའ་སྤོབས་གཉིས་ལྡན་ཡིན་པས་མ་ཚད། འབྲོག་པ་ཕོ་མོ་ཟུང་གི་བརྩེ་དུང་ཕྱི་ཐག་རིང་ཞིང་རང་དབང་སྒོས་ཕན་ཚུན་སྐྱིད་དགའ་ལོངས་སུ་སྤྱོད་ཆོག  འདི་ལྟར་བརྩེ་བ་རྟག་བརྟན་གྱི་རུ་མ་འཁྱིལ་སའི་ཕ་ས་གསེར་གཞུང་རིང་མོའི་པང་བ་རུ་རྐང་ཚའི་འབྲོག་སྟོན་སྐོར་གྱི་ཆོ་ག་སྤེལ་སྟངས་དང་ཕྱག་ལེན་མི་འདྲ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་མཐོང་ཐོས་མྱོང་གསུམ་ཙམ་སྤེལ་བར་བསམ།

གཅིག  གཉེན་གྱི་འབྲེལ་བ་དྭངས་བ།

མི་རིགས་རང་རང་ལ་རང་གི་གོམས་སྲོལ་ཡོད་ལ་ལུང་བ་རེ་ལ་ཆུ་རེ་དང་། ས་ཆ་རེ་ལ་དཔེ་རེ་ཞེས་པ་ནང་བཞིན། གཉེན་སྟོན་བྱ་དགོས་ཚེ་ཐོག་མར་ཁྱོ་གའམ་མཛའ་མོ་གདམ་པ་ནི་ཆ་རྐྱེན་མེད་དུ་མི་རུང་ཞིག་ཡིན། གཞན་ཧ་ཅང་གཟབ་ནན་དང་འཐུས་སྒོ་ཚང་བ་ཞིག་ཀྱང་ཡིན། བོད་ཁུལ་དུ་མཚོན་ན་ཡང་ཤ་ཉེ་འབྲེལ་བར་གཉེན་སྒྲིག་མི་བྱེད་པ་མ་ཟད། མི་རིགས་གཅིག་པ་དང་དད་མོས་གཅིག་པ། ཡུལ་སྲོལ་གོམས་གཤིས་གཅིག་ཡིན་དགོས་པའི་བཞེད་ཚུལ་ཡོད། དེ་མིན་ཕ་རྒྱུད་རུས་ཚན་སྐོར་ལ་གཏན་ནས་གཉེན་མི་སྒྲིག་ལ ། མ་རྒྱུད་རུས་རྒྱུད་སྐོར་ལ་མི་རབས་བདུན་རྗེས་སུ་མ་གཏོགས་གཉེན་སྒྲིག་མི་ཆོག་པར་བཞེད།  ཡུལ་རྐང་ཚར་མཚོན་ན་རིགས་རུས་ཆོ་འབྲང་གཅིག་པ་གང་ཡིན་ཡང་གཏན་ནས་གཉེན་སྒྲིག་མི་བྱེད་ལ།  རུས་རྒྱུད་ཁྲག་རྒྱུད་འདེད་རྒྱུ་མེད་པ་ཞིག་གདམ་པ་ནི་ཆ་རྐྱེན་དང་པོའོ།

གཉིས། གཉེན་སློང་དུ་འགྲོ་བ།

 རང་དབང་རང་འཐད་གཙོ་བོར་བྱེད་ལ་ཕོ་མོ་ཕན་ཚུན་བརྩེ་བ་ཟབ་ཅིང་ཕྱི་ཐག་རིང་བས་ན་ཐོག་མར་དྲིན་ཅན་ཕ་མ་ཡ་བཞི་ལ་གྲོས་བྱས་ནས་ཡིད་འཐད་བྱུང་རྗེས་ད་བཟོད་གཉེན་སློང་དུ་འགྲོ་བ་རེད། གཉེན་སློང་དུས་གཉེན་ཉེ་ཚང་ལ་བུ་བུ་མོ་མང་པོ་ཅན་ཡིན་ན་ཐད་ཀར་སློང་དུ་འགྲོ་བ་དང་། བུ་བུ་མོ་ཉུང་བ་ཡིན་ན་མནའ་མ་ཁྲིད་དུ་འགྲོ་བའི་སྲོལ་ཡོད། གཉེན་སློང་སྐབས་ཕ་ཞང་ངམ་མ་ཞང་གང་ཡིན་གྱི་རྒད་པོ་བསམ་ཤེས་འགའ་དང་གཏམ་ཁ་ལྕེ་ཅན་འགྲོ་བ་རེད། གཞན་སྔོན་ཉེ་འབྲེལ་ཡོད་མཁན་ཡིན་ཚེ་དེ་འགྲོ་རུ་འཇུག་ལ།   གཉེན་སློང་མཁན་བར་བ་ནངས་སྔ་མོར་འགྲོ་དགོས་ལ། ནངས་སྔ་བཟུང་སྐར་མ་ལག་བཟུང་དང་། ཉི་ཤར་གྱི་རྩེ་མོ།། རྟེན་འབྲེལ་གྱི་ཐོག་མ།། ཞེས་རྟེན་འབྲེལ་ལ་དཔྱད་ནས་སྔ་མོར་འགྲོ་དགོས་པ་ཞིག་ཡིན།  བར་བ་གཉེན་སློང་དུ་འགྲོ་དུས་ཁ་བཏགས་དང་ཆང་འཕང་ཁྱེར་ནས་ཉེ་ཡ་ཚང་གི་ཕ་མ་གཙོ་བྱས་ཨ་ཕའི་ཕ་ཞང་དང་ཨ་མའི་མ་ཞང་ཚང་མ་འདྲི་རུ་འགྲོ་ལ་འདྲི་བྱེད་ཀྱི་ཁ་བཏགས་དང་ཆང་དེ་ལ་ཁ་བཏགས་ཆང་ཕུད་ཟེར།  རྐང་ཚར་མཚོན་ན་འདྲི་རྟོགས་བྱེད་པའི་སྐབས་དེར་སུས་ཀྱང་ཁ་བཏགས་ཆང་ཕུད་མི་ལེན་ལ་ཉི་མ་ཞིག་གཏན་འཁེལ་བྱས་རྗེས་ཚང་མ་མཉམ་དུ་ཁྱིམ་དེར་འཛོམས་ནས་ཕ་མ་ཡོད་སར་ལེན་པ་ཡིན། དེ་ནས་རིམ་བཞིན་གཉེན་རྟགས་སོགས་ལ་གྲོས་བྱེད་ངེས།

 



རྨུག་སྒྲའི་ཀློང་གི་ཨ་ཞང་།

གསུམ། ཆང་ས་རྒྱག་པའམ་གཉེན་རྟགས་རྒྱག་པ།

བར་བ་སོང་ནས་ཁ་མཐུན་གྲོས་ཡོང་བྱུང་ནས་བྱིན་རྗེས་རིམ་བཞིན་གཉེན་རྟགས་རྒྱག་པ་ཡིན། ཡར་སྔོན་ཡིན་ན་གཉེན་རྟགས་ལ་གོས་དང་ཕྲུག་སོགས་ནོམ་པ་སྟེང་འོག་བརྩེགས་ནས་སྟེང་འོག་བདུན་དང་བཅུ་གསུམ་བཅུ་བདུན། གཞན་ཇ་སྡེ་ཆང་སྡེ་སོགས་འཁྱེར་སྲོལ་ཡོད། དེང་སྐབས་ཇ་ཆང་གི་སྟེང་དུ་སྒོར་སྟོང་གཅིག་བཅུ་གསུམ་དང་མང་ན་ཡང་གཉིས་སྟོང་ཡན་བསྟེར་གྱིན་མེད། འདི་ནི་ཉེ་བྱས་པའི་རྟགས་སམ་ཆང་ས་རྒྱབ་པའི་དོན་ཡིན། ཆང་ས་རྒྱགས་པ་དང་ཆབ་ཅིག་ཉེ་ཡ་ཚང་གི་ཁྱིམ་མི་ལྷན་འཛོམས་སྒོས་གནས་ལ་བྱིན་པའི་བག་མ་དེའི་གྱོན་གོས་སམ་ཁ་མགོ་རྔ་ལ་གྲོས་བྱེད་སྲོལ་ཡོད། ཁྱིམ་ཚང་གི་ཆ་རྐྱེན་དང་བསྟུན་ནས་གནས་འགྲོ་མར་གཉེན་ཚང་ཚང་གིས་ བག་ལྭ་ཆ་ཚང་ཁྱེར་ཡོང་དགོས་པ་ཡིན།

གསུམ། བག་ལྭ་ཁྱེར་ཡོང་བ།

 བག་ལྭ་ནི་ཁྱིམ་ཚང་གི་ཆ་རྐྱེན་ལྟར་གོན་ཚར་དང་བསྡུ་ཚར།  ཕྲུག ཐོག་ལྭ། གཡུ་བྱུར་གྱི་སྐེ་རྒྱན། ཚེག་རྒྱན།དངུལ་གྱི་གློ་གཟུར་གཉིས་དང་བཞོ་ལུང་གཅིག རྣ་ཏོག ལག་གདུབ། མགོ་ཞྭ་རྐང་སྣུམ་ཁ་ཚང་བཅས་ཁྱེར་ཡོང་དགོས།

བཞི་བ། མག་སྟོན་གྱི་གོ་རིམ།

མནའ་མ་སློང་རྗེས་ཨ་ཞང་ཚང་གིས་ཉིན་བཟང་སྐར་བཟང་ཞིག་གདམ་ནས་མག་པར་ཁྱིམ་ངོག་སྟོན་པའམ་མག་འབོད་བྱེད་པ་ཡིན། མག་འབོད་བྱེད་སྐབས་མག་སྐྱེལ་བ་མང་ཚེ་བག་སྐྱེད་ལ་ཨ་ཞང་མང་པོ་ཡོང་བའི་བཤད་སྲོལ་ཡོད། ཉིན་དེར་གཙོ་བོ་ནི་ཁྱིམ་དེ་ཚང་གི་མག་པ་ཡ་རབས་ཤིག་གི་མག་གསར་ལ་སྐེ་རགས་བཅིངས་ལ་ཁ་གཡང་དང་རྟེན་འབྲེལ་གྱ་ནོམ་པ་སྒྲིག་རྒྱུ་ནི་མག་སྟོན་གྱི་གྲུབ་ཆ་གཙོ་བོ་ཡིན།   གཞན་མག་པའི་ཆུ་དར་སོགས་བཤད་སྲོལ་ཡོད་ལ། སྐབས་དེར་ཕ་མོ་གཉིས་ནས་ཁ་ཤགས་འགྲན་རེས་བྱས་ནས་མཐའ་མར་ཆུ་དར་བུད་མེད་ཚང་ལ་སྟེར་དགོས་པ་ཞིག་ཡིན། འདི་ལྟར་ཉིན་གང་བོར་གླུ་ལེན་གར་རྩེད་བྱས་ནས་སྟོན་མོ་མཇུག་རྫོགས་པ་རེད །

ལྔ། བག་སྟོན་གྱི་གོ་རིམ།

བག་མ་སྐྱེལ་སྐབས་ཉེ་ཡ་ཚང་ནས་ཨ་ཞང་ཡོང་དགོས་ལ་དེ་ཡང་གཙོ་བོར་བག་མའི་ཕ་ཞང་མ་ཞང་ཚང་མ་ཡོང་ལ་སྐྱེས་པ་དག་གིས་བསྐྱལ་ནས་ཡོང་། བག་མ་ལམ་ལ་ཆས་དུས་རང་ཁྱིམ་ལ་སྐོར་བ་རྒྱགས་ཞོར་སྐྱིད་ཉི་མ་འདྲ་བོ་རང་གིས་ཁྱེར། གཡང་ར་བ་ཅན་གོ་ཡུལ་ནས་བཞོག་ཡང་ན་སྐྱིད་ཅིག་ཡོད་ན་རང་གིས་ཁྱེར། གཡང་ཞིག་ཡོད་ན་ཨ་མར་བཞོག་ཅེས་དབྱངས་ལ་གུག་ནས་འབོད་སྲོལ་ཡོད་ལ་དེ་དུས་ཁྱིམ་མི་རྣམས་ཡིད་སེམས་སྐྱོ་ནས་མིག་ཆུ་རང་དབང་མེད་པར་འདོར་མཁན་ཡང་ཡོད། དེ་ལ་གཡང་སློང་ཞེས་བཤད་པ་ཡིན།  ཨ་ཞང་གི་ཁ་གྲངས་ལ་གཏན་འཁེལ་མེད་ལ་རྐང་ཚ་ནས་བག་རོགས་མི་ཡོང་ལ་བག་མའི་ཕུ་བོའམ་ནུ་བོས་བསྐྱལ་ནས་ཡོང་།  

 

སྐབས་འདིར་གཉེན་ཚང་ཨ་ཞང་བསུ་རུ་འགྲོ་དགོས་ལ་དེ་ནི་གཙོ་བོར་མཆོད་ཁ་འཕངས་ནས་རྟ་རྒྱུག་བྱེད་པ་སོགས་ཡོད། ཡར་སྔོན་ཨ་ཞང་རྟ་བཞོན་ཡིན་ལ་ས་ཐག་རིང་བོ་ནས་ཡོང་བ་ཡོད་པས་ཇ་ཐབ་རྒྱགས་པ་དང་མཆོད་ཁ་བཅུ་གསུམ་འཕེན་པའི་ལུགས་སྲོལ་ཡོད། མཆོད་ཁ་འཕེན་ཐེངས་རེར་རྟ་རྒྱུག་ནས་དཀྲིས་ཨེ་ཕོགས་ལྟ་ལ་དེ་ལ་དཀྲིས་སྐོར་བཅུ་གསུམ་ཞེས་བཤད་ལུགས་ཡོད། འདི་ནི་བག་མ་བསུ་སྐབས་ཀྱི་རྩེད་མོ་ཡང་ཡིན།  བག་མའི་བག་རྟ་རྟ་དཀར་དཀར་ཡིན་དགོས་ལ་གཉེན་ཚང་ཚང་གི་སྒོ་ཁར་ཐོན་ན་བག་མའི་ལོ་མཐུན་བུད་མེད་ཅིག་གིས་བག་མའི་རྟ་ཁ་ལེན། བག་མ་ཁྱིམ་དུ་བསུས་པ་ན་མ་སྲི་རྒན་པ་ཞིག་གིས་སྟོན་ཇ་སྐོལ་ཡོད་ལ་མཆོད་ཁ་འཕངས་རྗེས་རེ་རེ་བཞིན་ཇ་འདྲེན། སྟོན་ཇ་བསྐོལ་མཁན་ལ་ཕྱོགས་གཉིས་ནས་ཕྲག་དར་འཕེན་པ་རེད། དེ་ནས་ཡར་སྒྱེད་རྒད་པོ་དང་མར་སྒྱེད་རྒད་པོ་གཉིས་ནས་གཉེན་སྟོན་བྱེད་པའི་ཕོ་མོ་ཟུང་གི་ཉེ་བོའི་ཉེ་རྒྱུས་དང་ཆད་པའི་ལོ་རྒྱུས་བཤད། རིམ་བཞིན་ཨ་ཞང་ཞིག་གིས་བོད་ཀྱི་རང་ཆས་ཆ་བརྒྱད་ཟེར་བ་ཞིག་རིམ་པ་ཞིག་བརྩི་རྒྱུ་དགོས་ནས། ཐེམ་པ་ཞིག་བརྩེགས་རྒྱུ་དགོས་ནས་ཞེས་གཏམ་དཔེ་མང་པོས་བསྟོད་པ་དང་རྒྱས་བཤད་བྱས་ནས་བསྟེར། དེ་ནས་གཉེན་ཚང་གི་བུད་མེད་ཅིག་གིས་གྲལ་མགོ་སྐོར་ར་ཆུ་ཞིག་མཆོད། གཡུ་འབྲུག་སྔོན་མོའི་ཁ་ཆུ་ཡིན་ཟེར་ཞོར་བག་རས་སློང་བའི་སྲོལ་ཡོད།  ཕན་ཚུན་ཁ་ཤགས་འབྱེད་ཞོར་ཀུ་རེ་ཡི་སྐད་ཆ་མང་པོར་བཤད་རྒྱུ་ཡོད་ལ། མཐའ་མར་མ་སྲི་ཚང་ལ་བསྟེར་དགོས་པ་ཞིག་ཡིན།  དེ་ནས་གཉེན་ཚང་ཚང་གིས་ཨ་ཞང་ཚང་ལ་རྟེན་འབྲེལ་གྱི་དམངས་གླུ་གསུམ་གྱི་ལྟ་བྱེད། ཨ་ཞང་ཚང་གིས་ཀྱང་གླུ་གསུམ་གྱི་ལྟ་བ་བྱེད། ཡང་ཨ་ཞང་ཚང་གིས་རི་མཐོ་པོ་ཡོད་ན་དམའ་མོ་བྱས།། ང་བྱ་བརྒྱའི་ཁྱུང་ཆེན་འཕུར་རྒྱུ་ཡིན་ཟེར་བའི་གནང་བ་ཞུ་བའི་གླུ་བླངས་རྗེས།  སྲིད་པའི་གླུ་རྒན་ནམ་ལ་གཞས་ལེན་རེས་བྱས་ནས་སྟོད་ནམ་རིང་མོ་སྐྱིད་ལ་བཀོལ་ཞིང་། དེང་སྐབས་ཨ་ཞང་ཞག་འདུག་ཉུང་བས་དུས་ཚོདགགཉིས་གསུམ་གྱི་རིང་ལ་གླུ་བླངས་ནས་རྩེད་སྲོལ་ཆགས་ཡོད།



རྟེན་འབྲེལ་གྱི་མཆོད་ཁ་གསུམ་པ།

འབབ་རྟེན་དོག་མོ་ས་ནས་ལེན།


བག་སྐྱེལ་ཨ་ཞང་གྲལ་གང་།

 

དྲུག ཨ་ཞང་ལམ་ལ་ཆས་སྐབས།

ཨ་ཞང་ཕྱིར་ལམ་ལ་ཆས་སྐབས་ཐོག་མར་སྙིད་མོས་བག་མའི་ར་བ་སླ་དགོས། གཉེན་ཚང་གིས་ཨ་ཞང་ལ་ལག་འཇོག་འཇོག་སྐབས་དེར་ཕ་རྟ་ཁམ་པ་རྔོག་རིང་།ཞང་རྟ་ངང་བ་གསེར་མགོ མྱིང་རྟ་གྲུ་གུ་ཁྲ་ལོག་ཅེས་རྟ་བསྟེར་སྲོལ་ཡང་ཡོད། གཞན་ཁ་བརྡ་བཤད་མཁན་ཞིག་གིས་ཨ་མའི་མ་མཛོ་མ་ཟེར་བ་བསྟེར་ལ་དེ་ལ་ནུ་རིན་ཡང་ཟེར། མ་མཛོ་མ་ཟེར་བ་ནི་མཛོ་མོ་དཀར་དཀར་རྭ་ཅོ་གོར་གོར་ཅན། ངུར་ན་བྱངས་རྒྱ་གྲགས་ནས།། བཞོས་ན་སྟོབས་རྒྱ་གྲགས་ནས་ཞེས་གཏམ་དཔེ་དང་བསྟོད་པའི་སྒོ་ནས་བསྟེར། རིམ་བཞིན་ཨ་ཞང་ཚང་གིས་བག་མ་བཅོལ་བའི་གཏམ་བཤད་དང་བཅོལ་བའི་གླུ་བླངས་རྗེས། གཉེན་ཚང་གིས་བཀྲ་ཤིས་འཇོག་པའི་གླུ་གསུམ་གྱི་ལྟ་བ་བྱས་རྗེས་སྟོན་མོ་ཡོངས་སུ་མཇུག་རྫོགས་པ་ཡིན། ཉིན་དེར་བག་མ་ཡང་ཕྱིར་ཡུལ་ལ་ཁྲིད་འགྲོ།



བག་མའི་རྟ་ཁ་ལེན་པ།

སྙིད་མས་བག་མའི་ར་བ་སླ་བ།



སྲིད་གླུ་རྒན་ཁྲོམ་ནས་ལེན། 

བདུན། བག་མ་འཕྲད་དུ་ཡོང་བ།

བག་མ་འཕྲད་དུ་ཡོང་དུས་ཡང་ཨ་ཞང་བསུ་རུ་འགྲོ་དགོས་ལ་མཆོད་ཁ་འཕེན་པའི་རིམ་པ་གོང་དང་གཅིག་ཡིན། སྐབས་འདིར་ཨ་ཞང་མང་པོ་མི་ཡོང་ལ་དེ་དུས་བག་མའི་ཡུལ་ནས་གྱོན་པ་ཆ་ཚང་ཁྱེར་ཡོང་བ་མ་ཟད་གཞན་ཡུལ་ནས་སྐྱེས་སུ་ཕུལ་བའི་ནོར་ལུག་གི་རྫོངས་བ་ཁྱེར་ཡོང་བ་ཡིན། གཞན་གྱི་ཆོ་ག་སོགས་མང་པོ་མེད་ལ་ཨ་ཞང་ཕྱིར་ལམ་ལ་ཆས་དུས་བག་མས་ཇ་སྐོལ་ནས་མཆོད་ཁ་འཕེན་ལ་མག་པས་ཨ་ཞང་ཚོར་ཇ་འདྲེན་དགོས། ཚར་རྗེས་རྟེན་འབྲེལ་གྱི་གླུ་གསུམ་བླངས་ནས་འཕྲད་སྟོན་མཇུག་རྫོགས་ལ་སྟོན་མོའི་ཆོ་ག་ཡང་འདི་ཙམ་ནས་ཡོངས་སུ་ཚར་ཡིན།

སྤྱིར་ན་ཕ་ཡུལ་རྐང་ཚའི་འབྲོག་སྟོན་ནི་དོན་ངོ་མའི་གཏམ་དཔེ་ཡི་ལམ་ནས་མགོ་རྩོམ་ཞིང་གཏམ་དཔེ་ཡི་ལམ་ནས་མཇུག་རྫོགས་པ་ཞིག་ཡིན་ལ། གཏམ་དཔེ་ཡི་བང་མཛོད་དང་གླུ་གར་གྱི་རྒྱ་མཚོ་ཞེས་པའི་ཁྱད་ཆོས་དངོས་སྟོན་ཐུབ་པའི་རྐང་ཚའི་འབྲོག་སྟོན་སྐོར་ལ། རང་ཉིད་ནས་འདིའི་སྐོར་གྱི་གོ་རིམ་དང་ཕྱག་ལེན་མི་འདྲ་བའི་ཉམས་པ་སོར་ཆུད་ལ་ཁ་སྐོང་རེ་ཨེ་ཐུབ་བསམ་ནས་འདི་རུ་བསམ་པ་རྒྱ་ཆུང་བས་ཤེས་ཚད་ཅིག་གིས་སྦ་གསང་མེད་པར་ཕྱི་རུ་མངོན་ཡོད། ཆད་ལྷག་དང་གོ་རིམ་འཕྱུག་པ་ཡོད་སྲིད་ལ་གཞན་མི་འདང་ས་གང་མང་ཡོད་ངེས་ལ་ཁྱེད་རྣམ་པས་རྣམ་དཔྱོད་ཀྱི་རིག་པས་དཔྱད་རྒྱུ་དང་ཁ་གསབ་ལ་རེ་བས་བསྙབ་ཡོད།

 

 

འབྲི་མཁན། ཚེ་དབང་རིག་འཛིན། པར་བ། ཚེ་དབང་རིག་འཛིན།