ནར་མ་སོན་པའི་མིར་བཙན་གཡེམ་ཐེབས་ན་ཞུ་གཏུག་བྱེད་ཆོག་གམ།
发布时间:2024年03月27日 消息来源:

གྱོད་དཔེ།

ལོ་ན་བཅོ་ལྔར་སོན་པའི་ཕྱུག་མཚོ་རང་ས་གནས་ཀྱི་སློབ་འབྲིང་ལེགས་ཤོས་ཤིག་ལ་རྒྱུགས་འཕྲོད་པ་དང་། མཐོ་འབྲིང་དུ་ཞུགས་རྗེས། འཛིན་བདག་དགེ་རྒན་ཀླུ་རྒྱལ་གྱིས་སེམས་གཏམ་གླེང་བ་དང་ཟུར་ཁྲིད་བྱེད་པ་སོགས་ལ་ཁ་གཡར་ནས་མོ་རང་མལ་ཤག་ཏུ་བོས་ཏེ། འཆལ་གཏམ་སྨྲ་བ་དང་བཙན་གཡེམ་བྱས་པ་རེད། ཀླུ་རྒྱལ་གྱི་འཇིགས་སྐུལ་འོག ཕྱུག་མཚོས་ཀླུ་རྒྱལ་གྱི་ནག་ཉེས་གཞན་ལ་བཤད་མ་ཕོད་པར་ལོ་ངོ་བཞི་འགོར། མཐོ་འབྲིང་གི་སློབ་གྲོགས་འདུ་འཛོམས་བྱེད་སྐབས་ཀླུ་རྒྱལ་གྱིས་འཛིན་གྲྭའི་ནང་གི་བུ་མོ་མང་པོ་ཞིག་ལ་འཆལ་གཏམ་སྨྲ་བ་དང་བཙན་གཡེམ་བྱས་མྱོང་བ་ཤེས་རྗེས། ཕྱུག་མཚོ་དང་གནོད་ཐེབས་མཁན་གཞན་དག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས། ཀླུ་རྒྱལ་གྱིས་མོ་རང་ཚོར་གྱོང་གསབ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་འདོན་རྒྱུ་ཐག་བཅད། དེ་ལྟར་བྱེད་ཆོག་གམ།

གྱོད་དོན་དབྱེ་ཞིབ།

གྱོད་དོན་འདི་ནི་བཙན་གཡེམ་ཐེབས་པའི་ནར་མ་སོན་པའི་མིའི་གྱོང་གསབ་སྐྱིན་ཚབ་རེ་ཞུ་འདོན་དབང་གི་ཞུ་གཏུག་ནུས་ཡུན་གྱི་གནད་དོན་དང་འབྲེལ་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་རེ་འདུན་ཞུ་བའི་ཞུ་གཏུག་ནུས་ཡུན་ནི་ལོ་གསུམ་རེད། དེ་ནི་ཁེ་དབང་འཛིན་མཁན་གྱིས་ཁེ་དབང་ལ་གནོད་འཚེ་ཐེབས་པ་དང་དེ་བཞིན་འོས་འགན་འཁུར་མཁན་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བརྩི་དགོས། ཡིན་ནའང་། ནར་མ་སོན་པའི་མི་ལ་བཙན་གཡེམ་ཐེབས་པར་སྐྱིན་ཚབ་འཇལ་བའི་རེ་འདུན་ཞུ་དབང་གི་གཏུག་བཤེར་ནུས་ཡུན་ནི་གནོད་འཚེ་ཐེབས་མཁན་རང་ལོ་བཅོ་བརྒྱད་ལ་སོན་པའི་ཉིན་ནས་བརྩི་དགོས། གྱོད་དོན་འདིའི་ནང་དུ། ཕྱུག་མཚོར་ཀླུ་རྒྱལ་གྱི་བཙན་གཡེམ་ཐེབས་པའི་གྱོང་གསབ་འཇལ་བའི་རེ་འདུན་ཞུ་དབང་གི་ཞུ་གཏུག་ནུས་ཡུན་ནི། མོ་རང་ལོ་ན་བཅོ་བརྒྱད་ལ་སོན་པའི་ཉིན་ནས་བཟུང་སྟེ་ལོ་གསུམ་བརྩི་དགོས། དེ་ལྟར་ན། ཕྱུག་མཚོ་སོགས་ཀྱི་གྱོང་གསབ་རེ་ཞུ་འདོན་དབང་གི་ཞུ་གཏུག་ནུས་ཡུན་ད་དུང་བརྒལ་མེད་པས། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་རྒྱུའི་དབང་ཆ་ཡོད།

འབྲེལ་ཡོད་ཁྲིམས་ཚན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན188པ། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་པའི་རེ་ཞུ་འདོན་དབང་གི་ཞུ་གཏུག་ནུས་ཡུན་ནི་ལོ་གསུམ་ཡིན། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་གཞིར་འཛིན་དགོས།

ཞུ་གཏུག་ནུས་ཡུན་ནི་ཁེ་དབང་འཛིན་མཁན་གྱིས་ཁེ་དབང་ལ་གནོད་འཚེ་ཐེབས་པ་དང་དེ་བཞིན་འོས་འགན་འཁུར་མཁན་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བརྩི་དགོས། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་གཞིར་འཛིན་དགོས་མོད། ཡིན་ནའང་ཁེ་དབང་ལ་གནོད་འཚེ་ཐེབས་པའི་ཉིན་ནས་ལོ་ཉི་ཤུ་བརྒལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོབ་མི་བྱེད། དམིགས་བསལ་གྱི་གནས་ཚུལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་ཁེ་དབང་འཛིན་མཁན་གྱི་རེ་ཞུར་གཞིགས་ནས་དུས་ཚོད་ཕྱི་འགྱངས་བྱེད་རྒྱུ་ཐག་བཅད་ཆོག

དོན་ཚན191པ། ནར་མ་སོན་པའི་མི་ལ་བཙན་གཡེམ་ཐེབས་པར་སྐྱིན་ཚབ་འཇལ་བའི་རེ་འདུན་ཞུ་དབང་གི་ཞུ་གཏུག་ནུས་ཡུན་ནི་གནོད་འཚེ་ཐེབས་མཁན་རང་ལོ་བཅོ་བརྒྱད་ལ་སོན་པའི་ཉིན་ནས་བརྩི་དགོས།

ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་ཞུ་གཏུག་ནུས་ཡུན་དང་བཙན་གཡེམ་ཐེབས་པའི་ནར་མ་སོན་པའི་མིའི་གྱོང་གསབ་སྐྱིན་ཚབ་འཇལ་བའི་རེ་ཞུ་འདོན་དབང་གི་ཞུ་གཏུག་ནུས་ཡུན་སྐོར་གྱི་བརྩི་སྟངས་དམིགས་བསལ་བའི་གཏན་འབེབས་རེད།

ཞུ་གཏུག་ནུས་ཡུན་ཞེས་པ་ནི་ཁེ་དབང་འཛིན་མཁན་གྱིས་ཁྲིམས་བཀོད་དུས་ཡུན་ནང་ཁེ་དབང་མ་སྤྱད་པས། འོས་འགན་འཁུར་མཁན་གྱིས་འོས་འགན་ལག་བསྟར་བྱེད་རྒྱུ་ཁས་མི་ལེན་པའི་དགག་སྒྲུབ་ཀྱི་དབང་ཆ་ལོངས་སུ་སྤྱད་པའི་དབང་གིས། ཁེ་དབང་འཛིན་མཁན་དེ་ཞུ་གཏུག་ལས་རྒྱལ་ཐབས་མེད་པའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཤིག་ཡིན། ཞུ་གཏུག་ནུས་ཡུན་ཞེས་པ་ནི་ཁེ་དབང་འཛིན་མཁན་གྱིས་མི་དམངས་ཁྲིམས་ཁང་ལ་ཉིད་ཀྱི་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་པའི་རེ་འདུན་ཞུ་བའི་ཁྲིམས་བཀོད་ཀྱི་ཡུན་ཚད་དེ་ལ་གོ་བ་ཡིན། བཅའ་ཁྲིམས་ནང་གཏན་འབེབས་གཞན་པ་ཡོད་པ་ཕུད་དགོས། དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་སྣ་ཚོགས་ལ་རྒྱ་ཁྱབ་ཏུ་སྤྱོད་འཚམ་པའི་ཞུ་གཏུག་ནུས་ཡུན་ནི་ལོ་ངོ་གསུམ་གྱི་རིང་ཡིན་མོད། ཡིན་ཡང་ཁེ་དབང་ལ་གནོད་པ་ཐེབས་པའི་ཉིན་ནས་བརྩིས་ཏེ་ལོ་ངོ་ཉི་ཤུ་འགོར་རྗེས། མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོབ་མི་བྱེད་པ་ཡིན།

ཞུ་གཏུག་ནུས་ཡུན་ནི་ཁེ་དབང་འཛིན་མཁན་གྱིས་ཁེ་དབང་ལ་གནོད་འཚེ་ཐེབས་པ་དང་དེ་བཞིན་འོས་འགན་འཁུར་མཁན་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བརྩི་དགོས། གཤམ་གྱི་གནས་ཚུལ་དམིགས་བསལ་འོག གཏན་འབེབས་དེ་གར་གཞི་བཅོལ་ཏེ་བརྩི་དགོས་པ་སྟེ།

(1)དོ་བདག་གིས་བུ་ལོན་གཅིག་དུས་བཅད་བགོས་ནས་ལག་བསྟར་བྱེད་རྒྱུ་ཁ་ཆད་བྱས་ཡོད་ན། ཞུ་གཏུག་ནུས་ཡུན་གྱི་ཡུན་ཚད་དེ་ཆེས་མཇུག་མཐའི་ལག་བསྟར་དུས་ཡུན་མཇུག་རྫོགས་པའི་ཉིན་ནས་བརྩི་དགོས།

(2)ནར་མ་སོན་པའི་མི་ལ་བཙན་གཡེམ་ཐེབས་པར་སྐྱིན་ཚབ་འཇལ་བའི་རེ་འདུན་ཞུ་དབང་གི་ཞུ་གཏུག་ནུས་ཡུན་ནི་གནོད་འཚེ་ཐེབས་མཁན་རང་ལོ་བཅོ་བརྒྱད་ལ་སོན་པའི་ཉིན་ནས་བརྩི་དགོས།

(3)མི་ལུས་གནོད་ཐེབས་གྱོང་གསབ་ཀྱི་ཞུ་གཏུག་ནུས་ཡུན་ནི། རྨས་སྐྱོན་མངོན་གསལ་ཡིན་ན། རྨས་སྐྱོན་ཕོག་པའི་ཉིན་ནས་བརྩི་དགོས་ལ། སྐབས་ཐོག་དེར་རྨས་སྐྱོན་ཕོག་པ་མ་ཤེས་པར། རྗེས་སུ་བརྟག་དཔྱད་བརྒྱུད་དེ་ནད་རྟགས་ངོས་འཛིན་བྱས་པར་མ་ཟད་དེས་གནོད་སྐྱོན་གྱིས་བསླངས་པ་ཡིན་པ་བདེན་དཔང་བྱེད་ཐུབ་ཚེ། རྨས་སྐྱོན་ངོས་བཟུང་བའི་ཉིན་ནས་བརྩི་དགོས།

(4)ལག་བསྟར་དུས་ཡུན་ཁ་ཆད་བྱས་མེད་པའི་གན་རྒྱ་ལ། ལག་བསྟར་དུས་ཡུན་ཁྲིམས་ལྟར་ངེས་གཏན་བྱེད་ཐུབ་ཚེ། ཞུ་གཏུག་ནུས་ཡུན་ནི་ལག་བསྟར་དུས་ཡུན་མཇུག་རྫོགས་པའི་ཉིན་དེ་ནས་བརྩི་དགོས། ལག་བསྟར་དུས་ཡུན་ངེས་གཏན་བྱེད་མི་ཐུབ་ཚེ། ཞུ་གཏུག་ནུས་ཡུན་དེ་བུན་བདག་གིས་བུན་འཇལ་མཁན་གྱིས་འོས་འགན་ལག་བསྟར་བྱེད་རྒྱུའི་རེ་བ་བཏོན་པའི་དུས་ཡུན་མཇུག་རྫོགས་པའི་ཉིན་དེ་ནས་བརྩི་དགོས། ཡིན་ཡང་བུན་འཇལ་མཁན་གྱིས་བུན་བདག་གིས་ཐོག་དང་པོར་ཉིད་ལ་ཁེ་དབང་འདོན་སྐབས་འོས་འགན་ལག་བསྟར་བྱེད་རྒྱུ་མིན་ཚུལ་གསལ་པོར་བསྟན་ན། ཞུ་གཏུག་ནུས་ཡུན་གྱི་ཡུན་ཚད་དེ་བུན་འཇལ་མཁན་གྱིས་འོས་འགན་འཁུར་རྒྱུ་མིན་ཚུལ་གསལ་པོར་བསྟན་པའི་ཉིན་དེ་ནས་བརྩི་དགོས།

ཞུ་གཏུག་ནུས་ཡུན་མཇུག་རྫོགས་རྗེས། གཤམ་གྱི་བཅའ་ཁྲིམས་མཇུག་འབྲས་འདི་དག་འབྱུང་བ་ཡིན་ཏེ།

(1)འོས་འགན་འཁུར་མཁན་ལ་ལག་བསྟར་བྱེད་རྒྱུ་ཁས་མི་ལེན་པའི་དགག་སྒྲུབ་དབང་ཆ་ཐོབ་པ། གལ་ཏེ་འོས་འགན་འཁུར་མཁན་གྱིས་དགག་སྒྲུབ་དབང་ཆ་དེ་སྤྱད་ཚེ། མི་དམངས་ཁྲིམས་ཁང་གིས་འོས་འགན་འཁུར་མཁན་ལ་བཙན་ཤུགས་ཀྱིས་འོས་འགན་ལག་བསྟར་བྱེད་དུ་འཇུག་མི་ཆོག གལ་ཏེ་འོས་འགན་འཁུར་མཁན་ལག་བསྟར་བྱེད་རྒྱུར་འཐད་པ་ཡིན་ན། ཉིད་ཀྱིས་དགག་སྒྲུབ་དབང་ཆ་བསྐྱུར་བར་བརྩི་བ་དང་། ལག་བསྟར་བྱ་སྤྱོད་དེ་ནུས་ལྡན་ཡིན། འོས་འགན་འཁུར་མཁན་གྱིས་རང་འཐད་ངང་ལག་བསྟར་བྱས་ཟིན་ན། ཕྱིར་སྤྲོད་པའི་རེ་བ་བཏོན་མི་ཆོག

(2)ཁེ་དབང་འཛིན་མཁན་གྱིས་སྔར་བཞིན་ཞུ་གཏུག་བྱེད་པའི་དབང་ཆ་ལོངས་སུ་སྤྱད་ཆོག དོ་བདག་གིས་ཞུ་གཏུག་ནུས་ཡུན་གྱི་ཡུན་ཚད་བརྒལ་རྗེས་ཞུ་གཏུག་བྱས་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས། བདག་སྤྲོད་བྱས་རྗེས་ཕ་རོལ་བའི་དོ་བདག་གིས་ཞུ་གཏུག་ནུས་ཡུན་གྱི་ཐད་ནས་དགག་སྒྲུབ་བྱས་པ་དང་། མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་དེ་དགག་སྒྲུབ་ཀྱི་རྒྱུ་རྐྱེན་ཚུགས་ཐུབ་པར་ངོས་འཛིན་བྱས་པ་ཡིན་ན། ཞུ་གཏུག་བྱེད་མཁན་གྱི་རེ་འདུན་ཕྱིར་བསློགས་པའི་དཔྱད་མཚམས་བཅད་ཆོག །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།