ལ་གཞས་ཀྱི་ཁྱད་ཆོས་ཅུང་ཙམ་གླེང་བ།
发布时间:2017年06月19日 消息来源:新闻中心

 

ཕོ་མོ་སེམས་སུ་ཟུག་པའི་ལ་གཞས་སྙན་མོ།


འདང་མ་འགྱུར་ད་རུང་སེམས་ན་ཡོད།

ལ་གཞས་འགྲན་ཚོགས་སྟེང་གི་ཉན་མཁན་ལྟད་མོ་བ།

དང་པོ། ལ་གཞས་སྐོར་གླེང་བ།

1.ལ་གཞས་བཤད་པ། ལ་གཞས་ནི་མདོ་ཁམས་གཉིས་སུ་ཆེས་དར་ཁྱབ་ཆེ་བ་དང་། སྤྱིར་ཚེག་བར་དྲུག་དང་བདུན་ཅན་མ།ཤོ་ལོ་ཀ་ནི་དཔེ་དང་དཔེ་ཅན་གཉིས་ཀྱིས་གྲུབ། དམངས་ཁྲོད་རྩོམ་རིག་སྤྱི་བཤད་དུ་ལ་གཞས་ནི་སྡེ་བ་དང་ཁྱིམ་ཚང་ལས་རིང་དུ་གྱེས་པའི་རི་མགོ་དང་གཞོན་ནུ་ཕོ་མོ་ཚོགས་སར་སྐད་ངག་འགྱུར་ཁུགས་ཀྱི་དབྱངས་ལ་དྲངས་ནས་གཞོན་ནུ་ཕོ་མོའི་བརྩེ་དུངས་བརྗོད་པའི་ཚིགས་བཅད་བརྩམས་ཆོས་ཤིག་རེད།

  2.ལ་གཞས་ཀྱི་ཁྱད་ཆོས་བཤད་པ།ལ་གཞས་ནི་ངལ་རྩོལ་བོད་པའི་དགའ་སྐྱོ་ཆགས་སྡང་དང་སྤྱི་ཚོགས་འཕོ་འགྱུར། འཚོ་བའི་ཉམས་མྱོང་དང་བསླབ་བྱའི་སྒོ་ནས་སྤེལ་བའི་རྩོམ་གཤིས་ལེགས་ཤིང་བརྗོད་བྱ་སྤྱི་ཚོགས་འཚོ་བར་འབྲེལ་བ་དམ་པོ་ཡོད་ཅིང་། དེའི་རྩོམ་རིག་རང་བཞིན་དང་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ། ལོ་རྒྱུས། ཡུལ་སྲོལ། རོལ་རྩེད། རིག་གནས་སོགས་ཞིབ་འཇུག་འབྲེལ་བ་ཤིན་ཏུ་ཟབ་ལ། བརྗོད་བྱའི་ཆ་ནས་བལྟས་ན་ན་གཞོན་ཕོ་མོའི་མཛའ་བརྩེ་མཚོན་པར་བྱེད་ཀྱང་། བྲན་གཡོག་ལམ་ལུགས་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཧྲིལ་བོའི་ནང་བྱུང་བར་མངོན་ཞིང་། རྒྱ་ཆེའི་ངལ་རྩོལ་བོད་པའི་སྐྱོ་སྡུག་ཞིབ་འབྲི་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་དང་། གྲོགས་ངན་དང་དཔོན་ངན་གྱི་བྱ་སྤྱོད་མཚང་འབྱིན་བྱས་ཏེ། ཕོ་མོའི་ཞེ་འདང་ལ་རང་དབང་མེད་པའི་སྲོལ་རྙིང་དེ་མཚོན་ནོ། །

  3.ལ་གཞས་ཀྱི་སྒྱུ་རྩལ་བཤད་པ། ལ་གཞས་རྗོད་བྱེད་ཀྱི་ཚིག་སྤྱི་ལ་བལྟས་ན། མངོན་བརྗོད་དང་བརྡ་རྙིང་གིས་མ་བཅིངས་པར། སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ངག་ནས་སྦྱོར་བདེ་ཞིང་གསར་རྩོམ་བྱེད་ཐུབ་པ། བརྗོད་བྱའི་དོན་རྣམས་གོ་བདེ་ཞིང་། རྗོད་བྱེད་ཚིག་སྙན་ཞིང་ཕལ་སྐད་སྤྱིར་བཏང་གི་རྨང་གཞིའི་ཐོག་བརྩམས་ཆོས་སུ་བཀོད་ཅིང་། བབ་ཆགས་ལ་གསོན་ཉམས་ལྡན་པ།ཁ་གསལ་ཞིང་ཕུན་སུམ་ཚོགས་པའི་རྒྱན་སྣ་ཚོགས་ཀྱིས་ཕྱུག་པ།དཔེ་རྣམས་དོན་དང་མཐུན་ལ། དོན་རྣམས་དཔེ་ལས་གོ་བའི་རྩོམ་ཉམས་ཁྱད་པར་ཅན་ཞིག་གོ །

  གཉིས་པ། ལ་གཞས་དང་སྙན་ངག་སྐོར།

  1.ལུས་བཤད་པ། ལ་གཞས་ནི་བོད་པའི་ངག་ཐོག་གི་སྙན་ངག་ཅིག་རེད། ད་ལྟ་མི་ཕལ་ཆེ་བས་སྙན་ངག་གཞིར་འཛིན་ས་ནི་སྙན་ངག་མེ་ལོང་རེད། བོད་པའི་ངག་ཐོག་གི་སྙན་ངག་ལ་གཞས་དང་མེ་ལོང་མ་གཞུང་ལྟར་རྩོམ་པའི་སྙན་ངག་ནང་གསེས་དབྱེ་བ་མང་དུ་ཡོད། དཔེར་ན་ལུས་ཀྱི་ཆ་ནས་ལ་གཞས་ནི་ལེན་པ་པོས་བརྗོད་པར་འདོད་པའི་དངོས་པོ་གང་ཡང་རུང་བ་དེ་རྗོད་བྱེད་ཚིག་གི་ཕྲེང་བ་ལ་གོ

  ལ་གཞས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་དབང་གིས་རྐང་བ་བཅད་པའི་ཚིག་དོ་མཉམ་དང་མི་མཉམ་དབྱེ་ཞིང་། དེ་སྐབས་རེར་ཚིག་རྐང་གཉིས་ཅན་དང་། གསུམ་ཅན། བཞི་ཅན། ལྔ་ཅན་སོགས་མང་པོ་བྱུང་ལ། ཚེག་བར་ཀྱི་ཆ་ནས་བཤད་ན། ཚེག་བར་དྲུག་ཅན་མ་དང་བརྒྱད་དགུ་སོགས་དར་ཁྱབ་ཤིན་ཏུ་ཆེ།

  2.སྲོག་བཤད་པ།ས་པཎ་གྱིས་གསུངས་པ་ལྟར། སྲོག་གིས་དབང་པོས་མ་བཟུང་བའི།མི་རོ་བཟང་ཡང་སུ་ཞིག་ལེན་ཞེས་ཟེར།ལ་གཞས་དང་སྙན་ངག་ལུས་བཟང་པོ་ཞིག་འབྱུང་བ་ནི་གལ་ཆེན་ཞིག་ཡིན། གལ་ཏེ་ལུས་བཟང་པོ་དེ་ལ་འཚོ་བའི་སྲོག་གི་དབང་བོ་མ་ཞུགས་ན། དེ་ནི་རོ་ཙམ་སྐྱེ་བོ་སུ་ཞིག་གིས་ཀྱང་ལེན་པར་མི་འགྱུར། ལ་གཞས་དང་སྙན་ངག་གི་སྲོག་ཅེས་པ་དེ་གང་ལ་གོ་དགོས་ཟེར་ན། ལྔ་བ་ཆེན་པོས་གསུངས་པ་ལྟར།བཅད་ལྷུག་སྤེལ་མའི་ལང་ཚོ་དར་ལ་བབ།།སྡེ་བཞིའི་གཏམ་གྱིས་སྲོག་ཅན་རིགས་ལྡན་མ།།སྒྲ་དོན་གབ་ཚིག་ནོར་བུའི་རྒྱན་གྱིས་སྤྲད།།ཉམས་འགྱུར་སྙན་པའི་གླུ་དབྱངས་མགྲིན་པར་ལེན།།ཞེས་ལུས་སྲོག་རྒྱན་གསུམ་དུ་བཞེད་དེ། བཅད་ལྷུག་སྤེལ་མ་ནི་ལུས་སུ་བརྗོད། སྡེ་བཞི་བརྗོད་བྱའི་ནང་དོན་སྲོག་ཏུ་བྱས། ལ་གཞས་དང་སྙན་ངག་གི་སྲོག་ཅེས་པ་ནི་སྙན་ངག་མེ་ལོང་གཞུང་གི་དངོས་སྟོན་སྲོག་བཅུ་བདུན་ལ་བཤད་པ་སྟེ། གྲོང་ཁྱེར་དང་རྒྱ་མཚོ། རི་བོ། དུས་བཞི། ཉི་ཟླ་འཆར་ནུབ། སྐྱེད་ཚལ། ཆུའི་རོལ་རྩེད། ཆང་འཐུང་བ། གཉིས་སྦྱོར་དགའ་སྟོན། གྲོགས་པོ་དུས་བཏབ་སྟེ་མ་ཚོགས་པ།གཉེན་བསུ་བ། གཞོན་ནུ་སྐྱེས་པ། དེ་ཉིད་སྐྱེད་འཕེལ། གྲོས་བྱེད་པ། ཕོ་ཉའི་འགྲོ་འོང་། གཡུལ་འཐབ། མངའ་ཐང་དར་བ་སོགས་ཡིན། སྲོག་འདི་དག་ནི་ངལ་རྩོལ་མི་དམངས་ལ་ཆ་མཚོན་ན། འཇིག་རྟེན་ལྟ་ཚུལ་དང་དངོས་ཡོད་འཚོ་བ་རོལ་ཚུལ། རྒྱུ་མཚན་དེའི་དབང་ལ་གཞས་དང་སྙན་ངག་རྩོམ་བྱ་ནི་ཕྱི་རོལ་ཡུལ་དང་འཇིག་རྟེན་འཚོ་བ་རྨང་གཞི་བྱེད་ཅིང་འཚོ་བའི་སྣང་ཚུལ་གང་དག་ལེགས་ཤིང་བཟང་བར་དགའ་ཞེན་དང་། མི་ལེགས་པ་དང་མི་བཟང་བ་ལ་མཚང་འབྲུ་བ། ལེགས་ཉེས་བླང་དོར་ལ་བརྩམ་བྱ་གཙོ་བོ་བྱས་ཏེ་འཇིག་རྟེན་དགའ་ཞེན་བསམ་པའི་བརྩེ་དུངས་ཡང་འདྲེས་ཡོད།

  ལ་གཞས་དང་སྙན་ངག་གི་སྲོག་ཅེས་བརྩམ་བྱའི་ཆ་ནས་བཤད་ན་དེ་གཙོ་བོ་གང་གི་ཕྱིའི་སྣང་ཚུལ་དང་འཚོ་བ་གདེང་འཇོག་བྱེད་ཚུལ་དང་སེམས་ལ་རང་སྣང་འཆར་བའི་བརྩེ་དུངས་མཚོན་པའོ། །

  3.རྒྱན་བཤད་པ། གོང་གི་སྲོག་བཤད་པའི་སྐོར་ལ་ལྔ་བ་ཆེན་པོའི་གསུངས་ལས། སྒྲ་དོན་གབ་ཚིག་ནོར་བུའི་རྒྱན་གྱིས་སྤུད།། ཅེས་སྡེ་བཞི་བརྗོད་བྱ་སྲོག་བྱེད། དོན་རྒྱན་སྒྲ་རྒྱན་གབ་ཚིག་གི་རྒྱན་ཅི་རིགས་ཀྱི་ཉམས་འགྱུར་གྱིས་ལེགས་པར་བརྒྱན་ཏེ་རྣ་བར་སྙན།

  ལ་གཞས་ནི་བོད་ངལ་རྩོལ་མི་དམངས་ཀྱིས་གདོད་མའི་དུས་ནས་ཉམས་མྱོང་དང་བསླབ་བྱ་སོགས་བསྡུས་ནས་ངག་ཐོག་བརྒྱུད་པ་དང་ཡིག་ཐོག་ཏུ་བཀོད། བརྗོད་བྱའི་དོན་མ་ལུས་མཛེས་པ། རྗོད་བྱེད་ཚིག་ཕུན་སུམ་ཚོགས་པར་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་ནས། བོད་ཐུན་མིན་གྱི་རྩོམ་རིག་སྒྱུ་རྩལ་དང་འཇིག་རྟེན་མཚོན་པའི་ཐབས་ལམ་ཞིག་མཚོན།

  སྙན་ངག་མེ་ལོང་མ་དར་གོང་བོད་སྲོལ་རྒྱུན་གྱི་སྙན་ངག་ཅིག་ཡིན། སྙན་ངག་མེ་ལོང་ནི་རྒྱ་གར་གྱི་སྙན་ངག་པ་རྣམས་ཀྱིས་ལག་ལེན་ཉམས་མྱོང་གི་སྙན་ངག་གསར་བའི་གཞུང་ཞིག་ཡིན། མེ་ལོང་མའི་གཞུང་དངོས་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ལོ་ཙཱ་བ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་མོ་རུ་ཐོག་མར་བསྒྱུར། བོད་ཀྱི་སྙན་ངག་དང་སྙན་ངག་གི་རིགས་གཞུང་འཕེལ་རྒྱས་འགྲོ་བ་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བསྐྱེད་ལ། ཡང་བོད་ཀྱི་སྙན་ངག་གསར་རྩོམ་ཐད་བག་ཆགས་དང་ཤུགས་རྐྱེན་ཟབ་མོ་ཐོན་ཡོད། ལ་གཞས་ནི་སྙན་ངག་གི་གཞུང་ལྟར་རྒྱན་ཐམས་ཅད་སྦྱོར་དུ་མི་བཏུབ་པ་ཞིག་ཡིན་པས། དེ་ལྟར་དུ་སྦྱར་ན་ལ་གཞས་རང་གི་ཁྱད་ཆོས་མཚོན་མི་ནུས་མོད། བླང་དོར་ཡོད་པའི་སྒོ་ནས་ལ་གཞས་ལ་ཉེ་བར་མཁོ་བའི་རྒྱན་བཀོད་ན་ཆོག

  ལ་གཞས་དང་སྙན་ངག་གང་ཡིན་ཡང་། ཚིག་གི་རྒྱན་ནི་མེད་དུ་མི་རུང་། གལ་སྲིད་རྒྱན་འདི་ལ་མཐོང་ཆུང་བྱེད་པའམ། ཡང་ན་དེ་སླ་བར་བསམས་ནས་དོ་སྣང་མ་བྱས་ཚེ་རྩོམ་རིག་དོན་གྱི་རོ་ཉམས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་མཚོན་མི་ནུས། ལུས་མཛེས་པར་སྲོག་དོན་སྙིང་གཞན་ཡིད་འཕྲོག་མཛེས་སྒེག་རྨད་དུ་བྱུང་བའི་ཉམས་འདོན་པ་བྲལ། ཚིག་སྦྱོར་སྙན་ཞིང་མཛེས་པའི་རྒྱན་ལ་འབད་པ་མཚར།

  ལ་གཞས་ནི་བོད་ངལ་རྩོལ་མི་དམངས་ཀྱི་འཚོ་བ་སྤྱི་དང་། ལྷག་པར་རིག་གནས་ཀྱི་འཚོ་བ་དངོས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པར་མ་ཟད། བོད་མི་དམངས་ཀྱི་འཚོ་བ་ཡོངས་རྫོགས་དེ་ཕལ་ཆེར་ལ་གཞས་ཁྲོད་ནས་མཚོན་ཐུབ།

  བོད་རང་གི་ཁྱད་ཆོས་ལྡན་པའི་ལ་གཞས་ནི་ལུས་སྲོག་རྒྱན་གསུམ་གལ་ཆེ་ཚུལ་དེ་གསུམ་གའི་འབྲེལ་བ་སོགས་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ་དང་ཉམས་འགྱུར་ལྡན་པའི་རྩོམ་རིག་རྣམ་པ་ཞིག་བོད་རིགས་མང་ཚོགས་ཀྱི་ནང་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པས། འདི་ནི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ཡོད་པའི་སྙན་ངག་ཅིག་ཡིན་པས། བོད་རང་གི་སྙན་ངག་འཕེལ་རྒྱས་གཏོང་བའི་རྨང་གཞི་དང་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཐད་བློ་སྐྱེད་ཆེན་པོ་ཐོན་ངེས། །

  

མཚོ་སྔོན་བོད་ཡིག་གསར་འགྱུར།

རྩོམ་པ་པོ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་2011ལོའི་ཞིབ་འཇུག་སློབ་མ་ཡིན།

རྩོམ་སྒྲིག་པ། ཚེ་དབང་རིག་འཛིན །