མ་ཡུམ། ངའི་སེམས་ཀྱི་སྒྲོལ་མ་དཀར་མོ།
མ་ཡུམ། ངའི་སེམས་ཀྱི་སྒྲོལ་མ་དཀར་མོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་སྒྲིག རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། མ་ཡུམ་དུས་ཆེན་ནི་བུ་བུ་ཕྲུག་རྣམས་ཀྱིས་རང་གང་ལས་བྱུང་བའམ་སྐྱེད་སྲིང་བའི་ཨ་མ་ལ་བཀའ་དྲིན་ཞུ་བའི་དུས་ཆེན་ཞིག་ཡིན། རྒྱལ་སྤྱིའི་མ་ཡུམ་དུས་ཆེན་ནི་མ་ཡུམ་རྣམས་ལ་བཀའ་དྲིན་ཞུ་བའི་དུས་ཆེན་ཞིག་ཡིན་ཞིང་། དུས་ཆེན་འདི་ཆེས་སྔ་མོ་གནའ་བོ་ཀེ་རི་སེ་ནས་དར་ཡོང་བ་རེད། འོན་ཀྱང་དེང་སང་གི་མ་ཡུམ་དུས་ཆེན་ནི་ཐོག་མར་ཨ་རི་ནས་དར་ཡོང་བ་ཡིན་ལ། ལོ་ལྟར་ཟླ་ལྔ་པའི་གཟའ་འཁོར་གཉིས་པའི་གཟའ་ཉི་མ་ཉིན་མོར་མ་ཡུམ་དུས་ཆེན་དུ་གཏན་འབེབས་བྱས་ཡོད། དུས་ཆེན་འདིའི་སྐབས་སུ་མ་ཡུམ་རྣམས་ལ་མེ་ཏོག་སོགས་ལེགས་སྐྱེས་འདྲ་མིན་འབུལ་བཞིན་ཡོད། དེ་ཡང་ཁང་ནེ་ཤིས་ཞེས་པའི་མེ་ཏོག་དེ་མ་ཡུམ་རྣམས་ལ་དབུལ་རྒྱུའི་མེ་ཏོག་གཙོ་བོ་ཡིན་ལ། རྒྱ་ནག་པ་རྣམས་ཀྱིས་མེ་ཏོག་སི་ལིང་ལྗང་པ་མ་ཡུམ་མེ་ཏོག་ཏུ་ངོས་འཛིན་གྱིན་ཡོད། དེ་ཡི་མིང་གཞན་ལ་ཐུགས་བསྙེལ་མེ་ཏོག་ཀྱང་ཟེར། མ་ཡུམ་དུས་ཆེན། བརྩེ་བའི་འོད་སྣང་ལ་ནམ་ཡང་ཕྱོགས་རིས་མེད། མིག་སྔར་ཤེས་རྟོགས་བྱུང་བའི་མ་ཡུམ་དུས་ཆེན་ཆེས་ཐོག་མར་དར་ས་ནི་གནའ་བོ་ཀེ་རེ་སི་ཡིན་པ་དང་། ཉིན་དེར་གནའ་བོ་ཀེ་རེ་སིའི་མི་ཡིས་ཀེ་རེ་སིའི་ལྷ་ཚོགས་ཀྱི་མ་ཡུམ་ཧི་ལ་ལ་གུས་འདུད་དང་བསྙེད་བཀུར་བྱེད་བཞིན་ཡོད། ཕྱིས་སུ་དུས་རབས17པའི་དུས་དཀྱིལ་དུ་དུས་ཆེན་འདི་དབྱིན་ཇི་ལ་དར་ཁྱབ་བྱུང་བ་དང་། ཉིན་འདིར་གཞན་ཡུལ་དུ་སོང་བའི་ན་གཞོན་རྣམས་ཁྱིམ་དུ་ལོག་ནས་མ་ཡུམ་རྣམས་ལ་ལེགས་སྐྱེས་ཆུང་ངུ་རེ་ཕུལ་སྲོལ་ཡོད། ཨ་རིའི་མ་ཡུམ་དུས་ཆེན་ནི་ཨ་ན•གུས་ཝེས་སི(1864—1984)ཡིས་མགོ་བརྩམས་ནས་ཡོང་བ་ཡིན་ཞིང་། ཁོ་མོ་ཚེ་གང་པོར་གཉེན་སྒྲིག་མ་བྱས་པར་མ་ཡུམ་ལ་ཞབས་ཏོག་བསྒྲུབས་ནས་བསྡད་པ་རེད། ཨ་ན•གུས་ཝེས་སི་ཡི་མ་ཡུམ་ནི་བསམ་པ་བཟང་བ་དང་བྱམས་སེམས་ལྡན་པ་ཞིག་ཡིན་པས། ཁོ་མོས་མ་ཡུམ་རྣམས་དྲན་གསོ་བྱེད་པའི་ཉི་མོ་ཞིག་གཏན་ཁེལ་བྱས་ནས་གུས་གུས་ཞུམ་ཞུམ་ངང་བུ་ཕྲུག་གི་ཆེད་དུ་རླབས་ཆེན་གྱི་བྱས་རྗེས་འཇོག་བཞིན་པའི་མ་ཡུམ་རྣམས་དྲན་གསོ་བྱེད་དགོས་པའི་རེ་བ་བཏོན། ཡིན་ན་ཡང་རེ་བ་དེ་མངོན་གྱུར་མ་བྱུང་གོང་ནས་ཁོ་མོ་ཞིང་དུ་གཤེགས། ཁོ་མོའི་བུ་མོ་ཨ་ན•གུས་ཝེས་སི་ཡིས1907ལོར་བྱེད་སྒོ་དེ་མགོ་རྩོམ་པ་དང་། རྗེས་ཕྱོགས་མ་ཡུམ་དུས་ཆེན་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དུས་ཆེན་ཞིག་ཏུ་འགྱུར་ཐུབ་པར་རེ་ཞུ་བྱས། སྤྱི་ལོ1907ལོའི་ཟླ5ཚེས10ཉིན་ཨ་རིའི་ནུབ་ཝེ་ཇེ་ཉི་ཡ་དང་ཕན་སོ་ཝེ་ཉི་ཡ་མངའ་སྡེ་ནས་དུས་ཆེན་དེ་ཉིད་ཀྱི་མཛད་སྒོ་དངོས་སུ་མགོ་བརྩམས་པ་དང་། སྤྱི་ལོ1913ལོར། ཨ་རིའི་རྒྱལ་ཚོགས་ཀྱིས་ལོ་ལྟར་ཟླ5པའི་གཟའ་འཁོར་གཉིས་པའི་གཟའ་ཉི་མ་ཉིན་མོ་མ་ཡུམ་དུས་ཆེན་དུ་ཁྲིམས་ཀྱིས་གཏན་ཁེལ་བྱས་པར་མ་ཟད། ཉིན་དེར་ཁྱིམ་ཚང་ཚང་མས་རྒྱལ་དར་བཀལ་ནས་མ་ཡུམ་རྣམས་ལ་གུས་འདུད་ཀྱིས་དྲན་གསོ་བྱེད་དགོས་པར་གཏན་ཁེལ་བྱས། ཨ་ན•གུས་ཝེས་སའི་མ་ཡུམ་མ་གཤེགས་གོང་ཆེས་དགའ་སའི་ཁང་ནེ་ཤིས་ཞེས་པའི་མེ་ཏོག་དེ་ཨ་རིའི་མ་ཡུམ་དུས་ཆེན་གྱི་མཚོན་བྱེད་དུ་གྱུར་ཡོད། །