2023ལོའི་རྐང་ཚ་རྫོང་གི་མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་སྟོན་སྐབས་བཅུ་དྲུག་པ་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་དུ་མགོ་བརྩམས།
མཚོ་སྔོན་པོའི་རླབས་ཕྲེང་གཡོ་ཞིང་དང་འོམ་ལུང་ཆུ་བོའི་བཞུར་སྒྲ་སྙན་པའི་སྐབས་འདིར། ཟླ7པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་པོའི་གསེར་ཉ་སྲོག་སྐྱོབ་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་པའི་སྐྱེ་ཁམས་དཔལ་ཡོན་ལ་བདག་སྐྱོང་བྱས་ཏེ་མཛེས་སྡུག་གི་འཚོ་བ་མཉམ་སྐྲུན་བྱེད་པ་བརྗོད་དོན་ཡིན་པའི་མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་སྟོན་སྐབས་བཅུ་དྲུག་པ་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་དུ་གཟབ་རྒྱས་ངང་མགོ་བརྩམས།
མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཝོ་ཞའོ་ཏུང་དང་། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཀྲིན་ཆིན། ཀྲུང་གུང་རྐང་ཚ་རྫོང་ཨུའི་ཀྲུའུ་ཁྲིན་ཆིང་། མཚོ་སྔོན་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཞབས་ཞུ་ཁྱབ་སྤེལ་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་རིན་ཆེན་འབུམ། མཚོ་སྔོན་པོ་ཞིང་རའི་ཏང་ཨུའི་ཧྲུའུ་ཅི་ཀྲུག་ཡོའུ་ཆོན། འཇུ་ལག་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧི་ཁེས། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལུག་ཀྲིན་ཁྲན། མདའ་བཞི་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཞའེ་ཁེ། ཞིང་ཆེན་དང་ཁུལ་གྱི་ཐིན་དང་ཅུའུ་ཡི་འགོ་ཁྲིད་སྐུ་མགྲོན་དང་རྐང་ཚ་རྫོང་གི་ཁྱིམ་དུ་སྡོད་པའི་རྫོང་རིམ་པའི་འགོ་ཁྲིད། དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་རྣམས་མཛད་སྒོའི་སྟེང་ཞུགས་ཡོད།
མགོ་རྩོམ་མཛད་སྒོའི་སྟེང་རྫོང་རྩྭ་ཐང་སྒྱུ་རྩལ་ཚོགས་པས་སྐུ་མགྲོན་དང་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས། རྒྱ་ཆེའི་ཡུལ་སྐོར་བ་བཅས་ལ་རྩེད་མོ་གྱ་ནོམ་པ་ཞིག་གི་གསོལ་སྟོན་བཤམས་པ་རེད། ཞབས་བྲོའི་སྟངས་སྟབས་ཁྲོད་ནས་ཉ་གཟིགས་དུས་སྟོན་གྱི་མགོ་ཚུགས་སྒོ་གླེགས་དངོས་སུ་ཕྱེས་ཤིང་། འཁྲབ་སྟོན་གྱི་རྣམ་པ་སྣ་ཚོགས་དང་ནང་དོན་ངོ་མཚར་ཆེ་བས་ལོ་སྔོན་མ་དག་གི་སྲོལ་རྒྱུན་ལས་ཐོལ་བརྒལ་བྱུང་སྟེ། དངོས་མིན་ཤུལ་བཞག་རིག་གནས་གེ་སར་གླིང་སྒྲུང་ལས༼རྟ་རྒྱུག་རྒྱལ་འཇོག༽གི་ཚན་པ་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད་ལ། རེབ་འདིའི་མཛད་སྒོའི་སྟེང་མི་ཚོགས་ཀྱིས་ཁེངས་པ་དང་གར་སྟེགས་ཐོག་རྣམ་པ་འཁྲུག་ཆ་དོད་པས་ལྟད་མོ་བའི་དགའ་འབོད་ཀྱི་ཐལ་མོའི་རྡེབ་སྒྲ་བར་མེད་གྲགས་བྱུང་།
མཛད་སྒོ་མཇུག་སྒྲིལ་རྗེས། ཚང་མ་ཉ་མོ་ཚེ་ཐར་གཏོང་བའི་རྡོ་གཞོངས་ཡོད་སར་སྐྱོད་དེ་ཉ་གཟིགས་བྱེད་སྒོར་ཞུགས་ཤིང་། མཉམ་དུ་གསེར་ཉ་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ལས་ཀར་ཞུགས། དེ་རིང་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་དུ་གསེར་ཉ་ཁྲི100ལྷག་ཚེ་ཐར་བཏང་བ་དང་། ཟླ8པའི་ཟླ་སྨད་བར་དུ་ཉ་ཕྲུག་ཁྲི1500ལྷག་ཚེ་ཐར་གཏོང་རྩིས་འདུག
བྱེད་སྒོའི་ཡུལ་དངོས་སུ་རྐང་ཚའི་མཚོ་སྔོན་པོའི་བོད་ལུག་དང་རྐང་ཚའི་མཚོ་སྔོན་པོའི་ནོར་ནག འོ་ཆང་སོགས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རྐང་ཚ་ནས་མཇལ་ཡོང་སོགས་རིག་གཏོད་ཐོན་རྫས12དང་ཁྱད་ལྡན་ཞོར་ཟས་ཁེ་ལས30ལྷག་ཙམ་གྱིས་དྲིལ་བསྒྲགས་འགྲེམས་སྟོན་དང་བྲིན་ཚོང་བྱས་པར་ལྟད་མོ་བ་དང་ཡུལ་སྐོར་བས་དགའ་བོ་བྱེད་ཀྱིན་ཡོད།
ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་སེམས་ནུས་གཅིག་སྒྲིལ། དྲིན་བཟོའི་མདུན་སྐྱོད་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་གནས་མཆོག་བསྐྲུན་ནས་མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། དམངས་འཚོ་བདེ་སྐྱིད་མུ་མཐུད་ཇེ་མཐོར་བཏང་ནས་ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ད་ལོར། ང་ཚོས་ཞིང་ཆེན་དང་ཁུལ་ཏང་ཨུ་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག སྔར་ཡོད་ཀྱི་མཚོ་སྔོན་པོ་ཁེ་རམ་ཐང་དང་། འོམ་ཆུ་གྲོང་རྡལ་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་གཉིས་རྨང་གཞིར་བྱས་ཏེ། མཚོ་འཁྱིལ་ཤང་གི་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དང་མཚོ་འཁྱིལ་ཆུ་བོའི་ཉ་གཟིགས་སྟེགས་བུ། གཡུ་དཀར་འོམ་ལུང་དམངས་སྲོལ་རིག་གནས་ཉམས་ལེན་ཁུལ། དཔལ་དགེ་གྲོང་རྡལ་དགོ་དམར་ཚན་རིག་ཁྱབ་གདལ་སློབ་གསོ་རྟེན་གཞི་སོགས་གཉེར་སྐྱོང་ཁུལ་དག་ནས་མཉམ་དུ་མགྲོན་པོ་སྣེ་ལེན་བྱེད་ཀྱིན་ཡོད་པ་རེད།
2022ལོ་མཇུག་བར་དུ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི11.41ཟིན་པ་དེ་སྲུང་སྐྱོབ་ཐོག་མའི་དུས་ཀྱི་ལྡབ44ཡིན་པ་རེད། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ལས་ཁུངས། མཚོ་སྔོན་རླུང་བརྙན་འཕྲིན་ལས་ཁུངས་བཅས་ལས་གྲུབ་པའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསེར་ཉ་ཚང་ལ་ལོག་པའི་དུས་ཚིགས་ཞེས་པའི་ཐད་གཏོང་ཆེ་གྲས་ཀྱིས5G+4་K/8K+AIསོགས་ཀྱི་ལག་རྩལ་སྒྲིག་ཆས་དང་པར་ལེན་བྱེད་ཐབས་སྤྱད་དེ། ཐད་གཏོང་དང་གཏམ་རྒྱུད་མཉམ་བསྲེས་ཀྱི་རྣམ་པས“ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ” “བྱ་ཁྱུས་ཉ་འཛིན” “ཉ་མོའི་མཆོང་རྩེན”སོགས་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་ཤིག་མིག་ལམ་དུ་བཤམས་ཤིང་། མཁའ་འགྲུལ་པར་ལེན་ལག་རྩལ་སྤྱད་དེ་ཀུན་ཡིད་དབང་འཕྲོག་པའི་སྤྲིན་དཀར་གྱི་རྒྱུ་བ་དང་ཉ་བྱའི་ཞིང་ཁམས། རབ་མཛེས་རྐང་ཚའི་མཛེས་སྡུག་མིག་ལམ་དུ་བསྟར་ཡོད།
སླད་ཕྱིན། རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན(རྐང་ཚ)ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ནས། སྐྱེ་ཁམས་སྤུས་ཚད་མཐོ་བའི་སྲུང་སྐྱོང་དང་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་རྐང་སྟངས་འཛིན་ནན་མོ་བྱས་ཤིང་། ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གནས་མཆོག་བསྐྲུན་པའི་འབོད་སྐུལ་དང་དུ་བླངས་པར་མ་ཟད། ནུས་ཤུགས་ཡོད་རྒུས་ཉ་དང་བྱ་ཡི་ཞིང་ཁམས། བོད་མཁར་རྐང་ཚའི་སྙན་གྲགས་གོང་མཐོར་བཏང་སྟེ་ཟུར་མང་པོའི་སྒོ་ནས་རྐང་ཚའི་རྣམ་པ་ལེགས་པོ་མངོན་པར་བྱ་རྒྱུ་རེད།