རྩྭ་ཆུ་བཟང་པོ་ལས་ནོར་རྒྱུད་བཟང་པོ་འབྱུང་།
རྩྭ་ཆུ་བཟང་པོ་ལས་ནོར་རྒྱུད་བཟང་པོ་འབྱུང་། —གཅིག་སྒྲིལ་རྫོང་སོག་རུ་མ་ཞང་སོག་རུ་སྡེ་བའི་མཉམ་ལས་ཁང་གི་མཐོང་ཐོས། རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁོངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། དབྱར་ཧྲིལ་པོར་རྩྭ་ཆུ་གང་བཟང་དེར་དེད་པས། མཐོ་སྒང་གི་ནོར་གནག་ལོ་གཅིག་གི་ནང་ཤ་ཤེད་ཆེས་བཟང་བའི་དུས་ཚིགས་ལ་སླེབས་ཏེ། ཕྱིར་འཚོང་བའི་དུས་བཟང་ལ་བབས་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་གནས་པའི་སོག་རུ་མ་ཞང་སོག་རུ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མི་ཚང་མའི་སེམས་པ་སྤྲོ་བས་ཁེངས་བཞིན། ལོ་འདིའི་ནང་གི་འབད་བརྩོན་གྱི་གྲུབ་འབྲས་ལ་བསྒུགས་འདུག སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་དཀར་གྱི་འདབ་མའི་འོག་ཏུ། ཚད་གཞི་མཐོ་བའི་ཕྱུགས་ར་དང་གཟན་རྩྭ་གསོག་འཇོག་ཁང་། ཉི་འོད་དྲོད་ཁང་། གཞུང་སྒྲུབ་བྱེད་ས་བཅས་གྲལ་དག་མོར་བསྒྲིགས་འདུག་ཅིང་། ཐག་མི་རིང་བའི་རི་འདབས་སུ་ནོར་ཁྱུ་སོས་དལ་བག་ཕེབས་ཀྱིས་རྩྭ་ཆུར་རོལ་བཞིན་ཡོད། སོག་རུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་རྒྱལ་གྱིས་ལག་གི་བྱ་བ་བསྒྲུབས་ཚར་རྗེས་མཉམ་ལས་ཁང་གི་ཐོན་ལས་འཕེལ་རྒྱས་རྟེན་གཞི་རུ་ཡོང་། ཁོའི་སེམས་མ་བདེ་བར་བསམ་གཟས་ནས་ལྟ་རུ་ཡོང་བ་ཡིན་ཞིང་། ཕྱུགས་རྫི་རྣམས་ལ་མི་འགྱངས་པར་བཙོང་འཆར་ཡོད་པའི་ནོར་གནག150ལྷག་ལ་ལྟ་སྐྱོང་ཡག་པོ་བྱེད་དགོས་པར་གདམས། ནོར་གནག་གི་ཐོན་ལས་ནི་གཅིག་སྒྲིལ་རྫོང་གི་འབྲོག་པ་རྣམས་ཀྱི་འཚོ་རྟེན་ཡིན་ལ། རྫོང་ཁོངས་དེ་གའི་དཔལ་འབྱོར་གྱི་སྲོག་ཤིང་ཡང་ཡིན། 2019ལོར། རྫོང་རིམ་པའི་ནོར་གནག་ཐོན་ལས་འཕེལ་རྒྱས་གཏོང་བའི་དུས་བབ་དང་བསྟུན་ནས། སོག་རུ་སྡེ་བ་དེ་རྫོང་གི་གྲོང་གསེབ་དར་སྤེལ་འཐབ་ཇུས་དཔེ་སྟོན་ཚོད་ལྟའི་ས་ཁུལ་དུ་གྱུར། ཧྲང་ཧའེ་རོགས་སྐྱོར་སོགས་ཀྱི་མ་དངུལ་སྒོར་ཁྲི1250སྡེབ་སྒྲིག་བྱས་པ་བརྒྱུད། ས་ཁྱོན་ལ་སྨི་གྲུ་བཞི་མ1500ཡོད་པའི་ཐོན་ལས་འཕེལ་རྒྱས་རྟེན་གཞི་འདི་ཉིད་འཛུགས་སྐྲུན་བྱས་ཏེ། མཉམ་ལས་ཁང་ལ་གོང་འཕེལ་གྱི་བར་སྟོང་བསྐྲུན། མཉམ་ལས་ཁང་གིས་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། ཕྱུགས་ལས་ཁེ་ལས་མང་པོ་ཞིག་ཉོ་རུ་ཡོང་པ་ཡིས་འཕེལ་རྒྱས་ཀྱི་མགོ་ཡག་པོ་ཞིག་བརྩམས་པ་རེད། གུ་རུ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིར་བཙོང་འཆར་ཡོད་པའི་ནོར་གནག150ལྷག་གི་ནང་གི་མང་ཆེ་ཤོས་ནི་ལོ3ནས4བར་གྱི་སོ་གཉིས་ཅན་རེད། ན་ནིང་ནོར་གྱི་རིན་གོང་མཐོ་བས། མཉམ་ལས་ཁང་གིས་ཕྱིར་འཚོང་བྱེད་སྐབས་ཉོ་མཁན་གྱི་ཁེ་ལས་པར་གཏན་འཇགས་ཀྱི་ཉོ་འཚོང་ཐབས་ལམ་བསྐྲུན་ཡོད། ད་ལོ་ནས་བཟུང་། མཉམ་ལས་ཁང་གིས་བྱ་བའི་གཙོ་གནད་ན་ནིང་གཅིག་སྡུད་སྒོས་ཕྱིར་འཚོང་བྱས་པའི་ཁྲེང་ཏུའུ་ཚོང་རར་བཞག རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོབ་པའི“གཅིག་སྒྲིལ་ནོར་གནག”ནི་ཤ་ཞིམ་ལ་འཚོ་བཅུད་ཀྱི་རིན་ཐང་མཐོ། གུ་རུ་རྒྱལ་གྱིས་བལྟས་ན། སི་ཁྲོན་དང་ཀན་སུའུ་སོགས་ཞིང་ཆེན་ཕྱི་ཡི་ཁེ་ལས་མང་པོ་བཀུག་པ་ནི་ཏག་ཏག“གཅིག་སྒྲིལ་ནོར་གནག”ཅེས་པའི་སྤུས་ལེགས་ཀྱི་ཆས་རྟགས་འདི་ཡི་དྲིན་རེད། གཅིག་སྒྲིལ་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གསུམ་གྱི་འབྲེལ་མཚམས་ཡིན་ལ། རྩྭ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་སྦགས་བཙོག་མེད་པ་དང་སྐྱེ་ཁམས་ཀྱི་ཁྱད་འཕགས་རང་བཞིན་ལྡན། སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་ཁུལ་ཧ་ཅང་ལེགས་པོ་ཞིག་ཡིན་ལ། ས་དེ་གའི་ས་ཁམས་ཀྱི་ཐོན་ཁུངས་ལེགས་པོ་ཡིས“ས་མཐོའི་གྲུ་གཟིངས”ཀྱི་མཚན་སྙན་ཡོད་པའི་ནོར་གནག་ལ་ཐུན་མོང་མ་ཡིན་པའི་འཚོ་སྐྱོང་གི་ཁོར་ཡུག་བསྐྲུན་ཏེ། མཚོ་བོད་མཐོ་སྒང་ན་མ་གཏོགས་མེད་པའི་ཁྱད་འཕགས་རྒྱུད་བཟང་གི“གཅིག་སྒྲིལ་ནོར་གནག”གསོ་སྐྱོང་བྱས་ཡོད། སྤུས་ལེགས་ཀྱི་རང་བྱུང་ཐོན་ཁུངས་ཀྱིས་ས་གནས་དེ་གས་ཕྱུགས་ཁང་དང་རི་མགོ་གཉིས་ནས་འཚོ་བའི་ནོར་གནག་གསོ་སྟངས་སྤྱོད་ཀྱིན་ཡོད། “གལ་ཏེ་གཟན་ཆས་རྐྱང་རྐྱང་བྱིན་ཏེ་གསོས་ན་ནོར་གྱི་ཤ་ཤེད་བཟང་ནའང་། ‘གཅིག་སྒྲིལ་ནོར་གནག’གི་ཐུན་མོང་མ་ཡིན་པའི་ཤ་ཡི་བྲོ་བ་དེ་མངོན་ཐུབ་ཀྱིན་མི་འདུག འཚོ་སྐྱོང་གི་བརྒྱུད་རིམ་ཁྲོད་དུ་ང་ཚོའི་ནོར་གནག་གིས་རང་བྱུང་གི་རྩྭ་དང་རི་སྐྱེས་ཀྱི་སྨན་རྩྭ་ཟོས་པས། ད་གཟོད་སྐམས་ཤའི་སྤུས་ཀ་ལ་ཁག་ཐེག་ཡོད་པ་རེད།” རྩྭ་ཆུ་བཟང་པོ་ལས་ནོར་རྒྱུད་བཟང་པོ་འབྱུང་། གུ་རུ་རྒྱལ་གྱི་སྐད་ཆའི་ཁྲོད་དུ་ཁོ་རང་འབྲོག་པ་ཞིག་ཡིན་པའི་སྤོབས་སེམས་ཀྱིས་ཁེངས་འདུག ནོར་གནག་འཚོང་ལ་ཉེ་བའི་སྐབས་སུ། སྡེ་བའི་སྣེ་ཁྲིད་པ་ཡིན་པའི་ཆ་ནས་གུ་རུ་རྒྱལ་སྔོན་ལ་བསམ་བློ་གཏོང་རྒྱུར་གོམས་འདུག་སྟེ། སེམས་ནང་ནས་མཉམ་ལས་ཁང་གི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་འཆར་གཞི་འཐེན་མགོ་བརྩམས། གུ་རུ་རྒྱལ་གྱིས་བཤད་རྒྱུར།“ནོར་ཁྱུ་འདི་བཙོང་རྗེས་མཉམ་ལས་ཁང་གིས་མུ་མཐུད་དུ་འབྲོག་པ་རྣམས་ཀྱི་ལག་ནས་ནོར་གནག་ཉོ་རྒྱུ་ཡིན་པ་དང་། ཕྱིར་འཚོང་བྱེད་ཚད་སྔར་ལས་རྒྱ་སྐྱེད་པའི་ཞོར་དུ། མཉམ་ལས་ཁང་དང་འབྲོག་པ་རྣམས་ཀྱི་སྤུས་ཀ་ཞན་པའི་ནོར་རྒྱུད་ཁག་ཅིག་མུ་མཐུད་དུ་མེད་པར་བཟོས་ཏེ། སྡེ་བ་ཡོངས་ཀྱི་ནོར་རྒྱུད་ཀྱི་སྤུས་ཀ་དང་ནོར་ཁྱུའི་གྲུབ་སྟངས་སྤུས་ལེགས་སུ་གཏོང་རྒྱུ་ཡིན་ལ། གཅིག་སྒྲིལ་གྱི་སྤུས་ལེགས་ཐོན་རྫས་མུ་མཐུད་དུ་ཕྱི་ལ་བཙོང་སྟེ། འབྲོག་པ་མང་ཚོགས་ཡོང་འཕར་ཕྱུག་འགྱུར་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐོན་ལས་སུ་འགྱུར་དུ་འཇུག་རྒྱུ་ཡིན”། །