འབྲི་ཆུའི་མགོ་ཁུངས་ཀྱི་ལྟ་སྲུང་པ་ཡག་པོ་ཞིག་བྱེད།
发布时间:2024年01月15日
消息来源:
སེམས་ཤུགས་གཅིག་སྒྲིལ་གྱིས་འབྲི་ཆུའི་མགོ་ཁུངས་ཀྱི་ལྟ་སྲུང་པ་ཡག་པོ་ཞིག་བྱེད།
——འབྲི་སྟོད་རྫོང་སྟོད་རྩེ་ཞང་སྟག་སེང་སྡེ་བའི་སོག་པོ་ཁྲ་ཡག་ཆུ་མགོ་སྲུང་སྐྱོབ་ན་གཞོན་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་དཔོན་བ་ཧོང་སྐྱ་ལོའི་གནས་ཚུལ་བཀོད་པ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

“འབྲི་ཆུའི་མགོ་ཁུངས་ཀྱི་འབྲོག་པ་ཞིག་ཡིན་པའི་ངོས་ནས་མ་ཡུམ་ཆུ་བོ་སྲུང་སྐྱོབ་ཡག་པོ་དང་ཆུ་མགོ་སྲུང་སྐྱོབ་ཡག་པོ་བྱས་ཏེ། འབྲི་ཆུའི་མགོ་ཁུངས་ཀྱི་ནམ་མཁའ་སྔར་ལས་སྔོ་ཞིང་བསངས་པ་དང་། རི་བོ་སྔར་ལས་ལྗང་མདོག་ལྡན་པ། ཆུ་བོ་སྔར་ལས་དྭངས་ཤིང་གཙང་བ། སྐྱེ་ཁམས་ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་རྒྱུ་ནི་ང་ཚོའི་གཡོལ་ཐབས་མེད་པའི་འགན་འཁྲི་རེད”ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྟོད་རྩེ་ཞང་སྟག་སེང་སྡེ་བའི་སོག་པོ་ཁྲ་ཡག་ཆུ་མགོ་སྲུང་སྐྱོབ་ན་གཞོན་དང་བླངས་པའི་ཞབས་ཞུ་རུ་ཁག་གི་རུ་དཔོན་བ་ཧོང་སྐྱ་ལོས་དེ་ལྟར་བཤད།
འབྲི་སྟོད་རྫོང་སྟག་སེང་སྡེ་བ་སོག་པོ་ཁྲ་ཡག་ས་ཁུལ་ནི་འབྲི་ཆུ་དང་རྫ་ཆུའི་དབྱེ་མཚམས་སུ་ཡོད་ལ། རང་རྒྱལ་གྱི་ཆུ་མགོའི་རྟེན་གཞི་གལ་ཆེན་ཞིག་རེད། 2021ལོར་འབྲི་ཆུའི་ཕྱོགས་བསྡུས་ཚན་ཞིབ་རུ་ཁག་གིས་འབྲི་སྟོད་རྫོང་སྟོད་རྩེ་ཞང་སྟག་སེང་སྡེ་བའི་སོག་པོ་ཁྲ་ཡག་ས་ཁུལ་ནས་གནའ་བོའི་འཁྱགས་ཀླུང་དུས་བཞི་པའི་རྗེས་ཤུལ་ཞིག་རྙེད་པ་དེ་ནི་འབྲི་ཆུའི་མགོ་ཁུངས་ཀྱི་ཆེས་རིང་བ་དང་། ཆེས་ཆེ་བ། ཆེས་དཔེ་མཚོན་དུ་གྱུར་པའི་གནའ་བོའི་འཁྱགས་ཀླུང་ཞིག་ཡིན་པ་དང་། ད་ལྟའི་བར་ལོ་ངོ11500ཡི་ལོ་རྒྱུས་ལྡན། དེའི་སྟབས་ཀྱིས། སོག་པོ་ཁྲ་ཡག་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན།
ཉེ་ཆར། གསར་འགོད་པ་བ་ཧོང་སྐྱ་ལོ་དང་མཉམ་དུ་སོག་པོ་ཁྲ་ཡག་ས་ཁུལ་དུ་འབྱོར། ལམ་བར་དུ་བ་ཧོང་སྐྱ་ལོས“རྩྭ་ཐང་གི་གད་སྙིགས་ནི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་མཁན་གྱི་གཏེ་པོ་དེ་རེད། 2016ལོ་ནས་བཟུང་ངས་སྡེ་བའི་ནང་གི་འབྲོག་པ་ཚོའི་སྣེ་ཁྲིད་དེ་ཁོ་ཚོ་དང་མཉམ་དུ་རྩྭ་ཐང་གི་གད་སྙིགས་བཏུས་པ་ཡིན”ཟེར།
དེ་ཡང་བ་ཧོང་སྐྱ་ལོས་ད་དུང་གངས་རིའི་འདབས་སུ་རྡོ་བཞག་ནས་གངས་རིའི་འགྱུར་ལྡོག་ཟིན་ཐོར་བཀོད་པར་མ་ཟད། སོག་པོ་ཁྲ་ཡག་གི་ཆུའི་མགོ་ཁུངས་ལ་ཆུ་མགོའི་དང་བླངས་ཡོངས་ཁྱབ་ཞིབ་བཤེར་གྱི་བྱ་བ་བསྒྲུབས་ཏེ། འཁྱགས་རོམ་མི་ཆགས་པའི་ཆུ་མིག་གི་གྲངས་འབོར་སྡོམ་རྩིས་རྒྱག་བཞིན་ཡོད། “ཆུ་མགོའི་མགོ་ཁུངས་སྡོམ་རྩིས་བརྒྱག་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་པར་ཆུ་ཁུངས་མང་ཆེ་བ་རི་གསེང་ནས་བཞུར་ཡོང་བཞིན་ཡོད་པས། རླངས་འཁོར་དེ་རུ་བགྲོད་ཐབས་མེད་པ་དང་། ས་ཆ་ཁ་ཤས་སུ་ཐ་ན་རྟ་ཡང་བགྲོད་མི་ཐུབ་པའི་གནས་ཚུལ་ཡོད་པས། ང་ཚོས་རང་གི་གོམ་པའི་འདེགས་འཇོག་ལ་བརྟེན་ནས་གངས་རིའི་གསེབ་ནས་བཞུར་ཡོང་བའི་ཆུ་ཁོངས་རེ་རེར་ཚད་འཇལ་བྱེད་དགོས”བ་ཧོང་སྐྱ་ལོས་དེ་ལྟར་བཤད།
གངས་རི་ལ་རྩད་ཞིབ་བྱེད་དུ་བསྐྱོད་ཐེངས་རེ་རེར་བ་ཧོང་སྐྱ་ལོ་རྟོགས་དཀའ་བའི་དཀའ་ངལ་མང་པོར་འཕྲད་ཀྱིན་ཡོད་མོད། འོན་ཀྱང་ཆུ་མགོར་བསྡོམས་རྩིས་ལེན་པ་དང་ཆུ་མགོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཁོས་ལོ་ལྟར་ངེས་པར་བསྒྲུབ་དགོས་པའི་བྱ་བ་ཞིག་ཏུ་གྱུར་ཡོད། ད་སྐབས་ཁོས་སྣེ་ཁྲིད་འོག་འབྲོག་པ་སྔར་ལས་མང་པོ་ཞིག་སྐྱེ་ཁམས་སྲུང་སྐྱོབ་རུ་ཁག་ནང་ཞུགས་པ་དང་། མི་སྔར་ལས་མང་པོ་ཞིག་གིས་ཆུ་ཁུངས་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་རྟོགས་ཡོད།
2019ལོར་འབྲི་སྟོད་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རོགས་རམ་འོག བ་ཧོང་སྐྱ་ལོས་ཉ་ཆགས་ཆུ་མགོའི་ས་ཁུལ་གྱི་འཁྱགས་རོམ“ཟུར་ཕུག་ཁྲ་ཡག”ཅེས་པའི་མིང་ཐོགས་ནས། སྟོད་རྩེ་ཞང་སྟག་སེང་སྡེ་བའི་སོག་པོ་ཁྲ་ཡག་ཆུ་མགོ་སྲུང་སྐྱོབ་ན་གཞོན་དང་བླངས་པའི་ཞབས་ཞུ་རུ་ཁག་རེ་ཞུ་བྱས་ཏེ་བཙུགས། 2020ལོའི་ཟླ8པའི་ཚེས11ཉིན་འབྲི་སྟོད་རྫོང་ན་གཞོན་དང་བླངས་པའི་ཞབས་ཞུ་རུ་ཁག་དང་པོ་སྟེ། སྟོད་རྩེ་ཞང་སྟག་སེང་སྡེ་བའི་སོག་པོ་ཁྲ་ཡག་ཆུ་མགོ་སྲུང་སྐྱོབ་ན་གཞོན་དང་བླངས་པའི་ཞབས་ཞུ་རུ་ཁག་དངོས་སུ་བཙུགས་པ་རེད།
“ལས་དོན་ལེགས་འགྲུབ་བྱུང་བ་དེ་འཆམ་མཐུན་ལ་རག་ལས་ཤིང་། སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་རེད།” ད་སྐབས་ན་གཞོན་དང་བླངས་པའི་ཚོགས་པ་དེ་ཐོག་མའི་མི12ནས་མི140བར་ཇེ་མང་དུ་ཕྱིན་ཡོད་པ་དང“མང་པོ་གཅིག་ཏུ་བློ་མཐུན་ན་མི་འགྲུབ་བྱ་བ་ཅི་ཡང་མེད་པ”ཡི་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་སོག་པོ་ཁྲ་ཡག་གི་བདེ་འཇགས་དང་མཛེས་སྡུག་སྲུང་སྐྱོབ་བྱེད་བཞིན་ཡོད།
ཆུ་ཁུངས་སྲུང་སྐྱོབ་ན་གཞོན་དང་བླངས་པའི་ཞབས་ཞུ་རུ་ཁག་བཙུགས་རྗེས། ཉ་ཆགས་ཆུ་བོའི་ཆུ་མགོ་དྲུག་ཏུ་རང་གིས་འགྲོ་གྲོན་བཏང་ནས་རླངས་འཁོར་ཆུང་གྲས་བརྒྱ་ལྷག་རྩ་འཛུགས་བྱས་པ་དང་། རླངས་འཁོར་ཆེ་གྲས་བདུན་ཅུ་ལྷག་གིས་གད་སྙིགས་གཙང་སེལ་བྱས་ནས་ཉ་ཆགས་ཆུ་བོའི་ཉེ་འགྲམ་གྱི་ཆུ་ཁུངས1337དང་། ཆུ་ཁུངས53གསར་དུ་ཇེ་མང་དུ་ཕྱིན་ཡོད་པ་ལྟ་ཞིབ་ཟིན་ཐོར་བཀོད་ཡོད།
སྟོད་རྩེ་ཞང་གི་ཏང་ཨུའི་ཧྲུའུ་ཅི་བློ་བཟང་ཡེ་ཤེས་ཀྱིས་བཤད་རྒྱུར།“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་ཡུན་རིང་གི་འཐབ་ཇུས་ལས་འགན་ཞིག་ཡིན་པ་དང་། ཆུ་ཁུངས་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པས། གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་།‘ཀྲུང་ཧྭའི་ཆུ་ལྕོག’བཅོས་སྐྱོང་ཡག་པོ་བྱ་རྒྱུ་ནི་མཚོ་བོད་མཐོ་སྒང་གི་སྤྱི་དམངས་ཚང་མའི་འདོར་དུ་མི་རུང་བའི་འགན་འཁྲི་དང་འོས་འགན་ཞིག་རེད། ཞང་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡིད་ལ་བརྟན་པོར་བཅངས་པ་དང་ལག་ལེན་དུ་བསྟར་ནས་དང་བླངས་ཞབས་ཞུ་རུ་ཁག་གི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།”
“དང་བླངས་རུ་ཁག་བཙུགས་པ་ནས་བཟུང་། ང་ཚོས་སོག་པོ་ཁྲ་ཡག་གི་མཐའ་འཁོར་གྱི་བརྟན་འཇགས་ཆུ་ཁུངས767དང་། ཆུ་ཚན70། གྱེན་འཕྱུར་ཆུ་མིག386སོགས་ཀྱི་འཕྲེད་ཚད་དང་། ཆུ་ཁུངས་ཀྱི་ཞེང་ཚད། གཏིང་ཚད་སོགས་གཞི་གྲངས་རབ་དང་རིམ་པ་ཟིན་བྲིས་སུ་བཀོད་པ་དང་། གཞི་གྲངས་རེ་རེས་ལོ་ངོ6གི་ཚུན་ལ་སོག་པོ་ཁྲ་ཡག་ལ་འབྲེལ་བའི་མི་རྣམས་ཀྱིས་སྣང་མེད་དུ་འཇོག་སླ་ཡང་འགྱུར་ལྡོག་ཧ་ཅང་གལ་ཆེན་བྱུང་བ་དག་ཟིན་ཐོར་བཀོད་དེ། མཐོ་སྒང་གི་མི་མངོན་པའི་སར་སྦས་པའི་ཆུ་ཁུངས་ལ་ཆེད་གཏོགས་ཀྱི‘ཐོབ་ཐང་དཔང་ཡིག’ཡོད་དུ་བཅུག བ་ཧོང་སྐྱ་ལོས་སྤོབས་སེམས་ཆེན་པོས་དེ་ལྟར་བཤད།
མ་འགྱངས་པའི་སྔོན་ལ་བ་ཧོང་སྐྱ་ལོར2023ལོའི“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ན་གཞོན་དང་བླངས་པ”ཡི་མཚན་སྙན་ཐོབ། “སླད་ཕྱིན་གྱི་དང་བླངས་ལས་དོན་ཁྲོད‘སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ’ཡི་འདུ་ཤེས་བློ་ལ་བརྟན་པོར་བཅངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཆུ་མགོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་ལས་དོན་སྔར་ལས་ཧུར་བརྩོན་གྱིས་བསྒྲུབ་རྒྱུ་དང་།‘ཀྲུང་ཧྭའི་ཆུ་ལྕོག’སྲུང་སྐྱོབ་ཡག་པོ་བྱས་ཏེ། གཙང་པོ་ཤང་ཤང་ཤར་དུ་བཞུར་བར་ཁག་ཐེག་བྱེད་རྒྱུ་ཡིན”བ་ཧོང་སྐྱ་ལོས་དེ་ལྟར་བཤད། །