དགུན་དུས་དྲོད་ལེན་པར་ཐབས་ལམ་འོས་འཚམ་སྤྱོད་དགོས།
发布时间:2024年02月27日 消息来源:




图片




图片

ཉེ་ཆར། ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཁོངས་གཏོགས་སྨན་ཁང་བཞི་པས་བསྟུད་མར་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པའི་ནད་པ་གསུམ་མྱུར་སྐྱོབ་བྱས་པ་དང་། དེའི་ཁྲོད་ཀྱི་ནད་པ་གཉིས་ལ་དུག་འབྲིང་ཙམ་ཕོག་ཡོད་པ་དང་ནད་པ་གཅིག་ལ་དུག་ལྗིད་མོ་ཕོག་ཡོད། དེའི་ཐད་ལ་ཆེད་མཁས་པས་དྲན་སྐུལ་བྱས་དོན། ཁང་པའི་ནང་དུ་སོལ་བར་བརྟེན་ནས་དྲོད་ལེན་སྐབས་ཅི་ནུས་ཀྱིས་མཉམ་འཇོག་བྱེད་པ་དང་སོལ་བ་མེ་ལ་སྦར་རྗེས་གཉིད་ལོག་སྐབས་ལྷག་ཏུ་མཉམ་འཇོག་དགོས། སོལ་བར་བརྟེན་ནས་དྲོད་ལེན་སྐབས། ངེས་པར་དུ་ཁང་པའི་ནང་དུ་རླུང་རྒྱུ་བར་བྱེད་དགོས།

སྨན་ཁང་དེའི་དོད་དྲག་ཚན་ཁག་གི་སྨན་པས་བསྟན་དོན། ལོ་རེའི་དགུན་དུས་སུ། སྨན་ཁང་གིས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པའི་ནད་པ་རྒྱུན་པར་སྨན་བཅོས་བྱེད་བཞིན་ཡོད། ཐཱན་འདུས་དངོས་པོ་ཡོངས་སུ་འབར་མ་ཚར་ན་དབྱང་གཅིག་ཐཱན་འགྱུར་འབྱུང་བ་དང་། དབྱང་གཅིག་ཐཱན་འགྱུར་ལ་ཁ་མདོག་དང་དྲི་མ་སོགས་གང་ཡང་མེད་པས། མཁའ་དབུགས་ཁྲོད་ཀྱི་དབྱང་གཅིག་ཐཱན་འགྱུར་འདུས་ཚད་ཚད་ལས་བརྒལ་ཡོད་ནའང་། མི་རྣམས་ཀྱིས་ཤེས་མི་ཐུབ། དེའི་རྒྱུ་མཚན་ནི་དབྱང་གཅིག་ཐཱན་འགྱུར་དང་ཁྲག་དམར་སྤྲི་དཀར་གྱི་ཟུང་འབྲེལ་ནུས་པ་ཤིན་ཏུ་ཆེ་ལ། དེ་ལས་ཐཱན་དབྱང་ཁྲག་དམར་སྤྲི་དཀར་གྲུབ་སླ་བས། ཁྲག་དམར་སྤྲི་དཀར་སྟེང་གི་དབྱང་དབུགས་ནུས་པ་ཉམས་ནས་དབུགས་ཆད་དུ་བཅུག་སྟེ། མིའི་ལུས་སྟེང་གི་དབང་པོ་དང་ཕྲ་ཕུང་ལ་གནོད་འཚེ་ཐེབས་པ་དང་། ཚབས་ཆེ་དུས་ཀླད་ཆེན་གྱི་བདེ་ཐང་དང་ཐ་ན་ཚེ་སྲོག་ལའང་གནོད་འཚེ་ཐེབས་སྲིད།

ཆེད་མཁས་པས་བསྟན་དོན། གལ་ཏེ་ནད་རྟགས་ཐོན་ནས་དུས་ཚོད6ནས8དང་ཡང་ན་དེ་ལས་རིང་ཚེ། མྱུར་གཤིས་དུས་ཀྱི་ནད་རྟགས་ཚབས་ཆེ་མིན་གང་ཡིན་རུང་། དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པའི་འཕྱིས་འབྱུང་རང་བཞིན་གྱི་ཀླད་ནད་འབྱུང་ཚད་ཇེ་མཐོར་འགྲོ་བ་དང་། ཁོར་ཡུག་ཁྲོད་ཀྱི་དབྱང་གཅིག་ཐཱན་འགྱུར་གྱི་སྟུག་ཚད་ཇི་ལྟར་མཐོ་ན། ནད་པའི་ནད་གཞི་དེ་ལྟར་ལྕི་བ་དང་ཤི་ཚད་དེ་ལྟར་མཐོ་བ་རེད།

གལ་ཏེ་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་ཚེ་སྨན་བཅོས་ཇི་ལྟར་བྱེད་དགོས་སམ་ཞེ་ན། སྨན་པས་ངོ་སྤྲོད་བྱས་པ་སྟེ། མི་སྒེར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག  མྱུར་བ་ཉིད་དུ་སྒོ་དང་སྒེའུ་ཁུང་འབྱེད་དགོས་ལ། དུག་ཕོག་མཁན་དེ་མྱུར་མོར་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་སྤོར་དགོས་པར་མ་ཟད། མྱུར་སྐྱོབ་ཁ་པར120ལ་འབྲེལ་གཏུག་བྱེད་དགོས། སྨན་པར་སྒུག་པའི་གོ་རིམ་ཁྲོད། དུག་ཕོག་མཁན་གྱི་ཁ་དང་སྣ་ནས་ཟགས་ཐོན་དངོས་པོ་ཇེ་མང་དུ་འགྲོ་སྐབས། དུས་ཐོག་ཏུ་ལག་རས་ཀྱིས་ཕྱི་བདར་བྱེད་དགོས་ལ། མགོ་བོ་གཞོགས་སུ་བསྐོར་ཏེ་དབུགས་ཆད་པ་སྔོན་འགོག་བྱེད་དགོས། གལ་ཏེ་དུག་ཕོག་མཁན་གྱི་དབུགས་འབྱིན་རྔུབ་དང་སྙིང་གི་ལྡིང་མཚམས་བཞག་ཚེ། མིའི་ཐབས་ཀྱིས་དབུགས་འབྱིན་རྔུབ་དང་སྙིང་གནོན་པ་སོགས་ཀྱི་ཐབས་ལམ་སྤྱོད་དགོས། །