མཚོ་བོད་ས་མཐོའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་འདིའི་ཁ་གྲངས25000ཟིན།
ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག མཚོ་སྔོན་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཞུས་ཆིང་མིན་གྱིས་འདྲ་པར་ཞིག་ཁྱེར་ཡོང་བ་རེད། འདྲ་པར་དེའི་ནང་དུ་ཤྭ་བ་མཆུ་དཀར་བརྒྱ་ལྷག་དར་ཆགས་པའི་རྨ་ཆུའི་ཐོག་ཏུ་འགྲོ་བཞིན་ཡོད་པ་རེད།
འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་མིང་ཐོ་དམར་པོའི་ནང་བཅུག་པའི་ཤྭ་བ་མཆུ་དཀར་རྣམས་གཅིག་སྡུད་ཐོག་བསྐྱོད་དགོས་དོན་གང་ཡིན་ནམ། ཞུས་ཆིང་མིན་གྱིས་འདྲ་པར་འདི་ཁྱེར་ཡོང་དོན་ཅི་ཡིན་ནམ།
སྲུང་སྐྱོབ་སྲིད་ཇུས་དོན་འཁྱོལ་དང་འབྱུང་ཁམས་ལ་གཅེས་སྐྱོང་བྱེད་པའི་འདུ་ཤེས་ཀྱིས། འབྱུང་ཁམས་ཁོར་ཡུག་ལོ་རེ་བཞིན་ལེགས་སུ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།
རྒྱལ་ཡོངས་ཚོགས་ཆེན་གཉིས་མ་འཚོགས་པའི་སྔ་ནུབ་ཏུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་མགོའི་གླིང་ཁུལ་གྱི་འབྱུང་ཁམས་བདག་སྐྱོབ་པས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤྭ་བ་མཆུ་དཀར400ལྷག་ཙམ་དར་ཆགས་པའི་རྨ་ཆུའི་ངོས་སུ་གྲལ་སྟར་འགྲིག་པོས་སྐྱོད་པའི་ངོ་མཚར་ཆེ་བའི་རྣམ་པ་དེ་པར་ལེན་ཐུབ་ཡོད། ཞུས་ཆིང་མིན་གྱིས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་བསྟུན་ནས། རིགས་སོ་སོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱུང་བས། འབྱུང་ཁམས་ཁོར་ཡུག་ལོ་རེ་བཞིན་ལེགས་སུ་ཕྱིན་ཡོད་པ་དང་། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
དུས་ཡུན་རིང་པོའི་ནང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་བྱུང་བ་དང་། རྩྭ་ཐང་དང་འདམ་རའི་གྲངས་འབོར་དང་སྤུས་ཚད་ཀྱིས་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་གནས་དང་ཟས་འཚོལ་བར་འདེགས་སྐྱོར་ཐུབ་ཀྱིན་ཡོད། དུས་མཚུངས་སུ་ས་གནས་དེ་གའི་སྲིད་གཞུང་དང་མི་དམངས་མང་ཚོགས་ལ་འབྱུང་ཁམས་ཁོར་ཡུག་ལ་གཅེས་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འབྱུང་ཁམས་ཁོར་ཡུག་གི་འདུ་ཤེས་བཟང་པོ་ཞིག་ཆགས་ཡོད་ཅིང་། འབྱུང་ཁམས་དཔལ་ཡོན་གྱི་བསམ་བློ་དེ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་གཞི་ཚུགས་པ་དང་མྱུ་གུ་འབུས་ཐུབ་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་མཚོན་ཡོད་པ་རེད།
མཚོ་སྔོན་འདི་ཉིད་མཚོ་བོད་ས་མཐོར་གནས་པ་དང་། འཛམ་གླིང་ཐོག་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། དེ་གར་གསའ་དང་། གཙོད། ཤྭ་བ་མཆུ་དཀར་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ཀྱིན་ཡོད། དུས་ཡུན་རིང་པོར་འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྒྲུབ་མཁན་ཞུས་ཆིང་མིན་ལ་ཉེ་བའི་ལོ་ཤས་རིང་གི་འབྱུང་ཁམས་ཁོར་ཡུག་གི་འགྱུར་ལྡོག་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཁོང་གིས། ལྷག་པར་དུ་ད་ལོ་ཕྱི་རོལ་དུ་ལྟ་ཞིབ་ཚད་ལེན་བྱེད་མཁན་ལས་རོགས་ཚོས་ཤྭ་བ་མཆུ་དཀར་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཐང་ཐོག་ཟས་འཚོལ་བ་དང་འགྲོ་སྐྱོད་བྱེད་པ་མཐོང་ཐུབ་ཀྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཅུང་དཔེ་མཚོན་ལྡན་པའི་ཤྭ་བ་མཆུ་དཀར་གྱི་གྲངས་འབོར25000བར་འཕར་ཡོད། སྔོན་ཆད་ཐོན་མྱོང་བའི་ཤྭ་བ་མཆུ་དཀར་གྱི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་པའི་རྒོལ་རྡུང་དང་སྙེག་རྡེག་སོགས་ཀྱི་དོན་རྐྱེན་ཐོན་ཚད་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ་དང་། ཐ་ན་སྤྱིའི་ཆ་ནས་ཐོན་གྱི་མེད་ཅེས་གསུངས།
མཚོ་བོད་ས་མཐོའི་རྩ་ཆེའི་སྲོག་ཆགས་པེ་ཅིང་སྲོག་ཆགས་གླིང་དུ་གཞིས་ཆགས།
ཤྭ་བ་མཆུ་དཀར་གྱི་མཆུ་ཏོའི་མཐའ་འཁོར་དུ་མདོག་དཀར་པོ་ཅན་གྱི་ཁྲ་རྡོག་ཡོད་པས། མིང་དེ་ལྟར་ཐོགས་པ་དང་། མཚོ་བོད་ས་མཐོ་དང་དེའི་མཐའ་རྒྱུད་ཀྱི་རི་མཐོའི་རྩྭ་ཐང་དུ་ཁྱབ་ཅིང་། དེ་ནི་ས་བབ་མཐོ་ཚད་སྨི5000ལས་བརྒལ་བའི་རྩྭ་ཐང་དུ་འགུལ་སྐྱོད་བྱེད་ཐུབ་པ་མ་ཟད། ས་བབ་མཐོ་ཚད་སྨི3000ལས་དམའ་བའི་ནགས་རིའི་མཐའ་ཁུལ་དུ་ཡང་འགྲོ་སྐྱོད་བྱེད་ཐུབ་པས། དེ་ནི་འཚོ་སྡོད་བྱེད་གནས་ཀྱི་ས་བབ་མཐོ་ཤོས་ཡིན་པའི་ཤྭ་རིགས་ཀྱི་གྲས་ཤིག་ཡིན།
2018ལོར། མཚོ་སྔོན་ནས་ཡོང་བའི་ཤྭ་བ་མཆུ་དཀར4པེ་ཅིང་སྲོག་ཆགས་གླིང་དུ་གཞིས་ཆགས།
2021ལོའི་ཟླ8པར། ཤྭ་བ་མཆུ་དཀར་པེ་ཅིང་སྲོག་ཆགས་གླིང་དུ་བདེ་བླག་ངང་རྒྱུད་སྤེལ་ཐུབ་ནས་ཤྭེའུ་གཉིས་བདེ་བླག་ངང་སྐྱེས་ཡོད།
2022ལོར། སླར་ཡང་ཤྭ་བ་མཆུ་དཀར་མོ་ཞིག་བདེ་བླག་ངང་རྒྱུད་སྤེལ་ཐུབ་ཡོད།
གནས་སྐོར་བ་མང་པོ་ཞིག་དེར་ལྟ་རུ་ཡོང་གི་ཡོད། གནས་སྐོར་བ་ཁ་ཤས་ཀྱིས། ཤྭ་བ་མཆུ་དཀར་སྙིང་རྗེ་མོ་འདུག སྲོག་ཆགས་གླིང་གིས་བདག་སྐྱོང་ཡག་བྱས་འདུག་ཅེས་བཤད།
ལོ6གི་རིང་། པེ་ཅིང་དུ་གཞིས་ཆགས་པའི་ཤྭ་བ་མཆུ་དཀར་གྱིས་གནས་སྐོར་བ་མང་པོའི་ཡིད་དབང་བཀུག་པ་མ་ཟད། མི་དེ་བས་མང་བས་ཤྭ་བ་མཆུ་དཀར་གྱི་ཕ་ཡུལ་མཚོ་བོད་ས་མཐོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོ་ཁུར་བྱེད་ཀྱིན་ཡོད།
ཞུས་ཆིང་མིན་གྱིས། དེ་སྔོན་མེ་འཁོར་ནང་ལྷ་ས་དང་ཡུལ་ཤུལ་དུ་སྐྱོད་མཁན་ཡུལ་སྐོར་བ་དང་འཕྲད་མྱོང་ཡོད། ཁོང་ཚོས་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་ནམ་མཁའ་སྔོ་བའི་འབྱུང་ཁམས་མཛེས་ལྗོངས་ལ་ཡིད་སྨོན་བྱེད་པ་མ་ཟད། ཕྲུ་གུ་ཁྲིད་ནས་འབྱུང་ཁམས་སློབ་གསོ་དང་ལེན་བྱེད་ཀྱིན་ཡོད་ཅེས་བརྗོད་ཀྱིན་འདུག གྲོགས་པོ་ཆུང་ཆུང་ཚོས་མཚོ་སྔོན་དུ་གཙོད་དང་གསའ་ཡོད་པ་དང་ལྷག་པར་དུ་པེ་ཅིང་སྲོག་ཆགས་གླིང་ནས་ཤྭ་བ་མཆུ་དཀར་མཐོང་རྗེས་དེར་སྤྲོ་སྣང་ཆེན་པོ་བྱུང་བ་མ་ཟད། ཡུལ་ཤུལ་དང་གཙང་གསུམ་འབྱུང་ཡུལ་ལ་དེ་བས་ཤེས་རྟོགས་བྱ་རྒྱུའི་རེ་བ་བྱེད་ཀྱི་འདུག་ཅེས་ཕྱིར་དྲན་བྱེད་ཞོར་དུ་དེ་ལྟར་གསུངས།
བརྒྱུད་རིམ་ལྡན་པའི་བསམ་གཞིགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྟངས་འཛིན་པ་དང་། གྲངས་འཛིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་མི་དང་ཁོར་ཡུག་གི་བར་ཐག་ཇེ་ཉེར་གཏོང་དགོས།
རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བ་བྱེད་པའི་བར་དང་། ཁོར་ཡུག་བཅོས་སྐྱོབ་བྱེད་པ་ནས་འབྱུང་ཁམས་དཔལ་ཡོན་འཛུགས་སྤེལ་བྱེད་པའི་བར། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པའི་ངོས་ནས། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་འཐུས་མིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་སའི་དོན་གནད་ཅིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མཚོ་སྔོན་སློབ་ཆེན་འབྲོག་ལས་ཕྱུགས་སྨན་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཏུང་ཆོན་མིན་གྱིས། རྩྭ་སར་ཆ་མཚོན་ན། དེ་ཁོ་རང་ཡང་འབྱུང་ཁམས་མ་ལག་ཅིག་ཡིན་པ་དང་། ས་དང་རྩྭ། ཕྱུགས། མི་སོགས་སྤྱི་ཡོངས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པས། དོ་དམ་དང་ལུགས་མཐུན་བེད་སྤྱོད། ཞན་འགྱུར་རྗེས་ཀྱི་ཉམས་གསོ་བཅས་གང་ཞིག་ཡིན་རུང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་སླར་གསོ་བྱེད་དགོས་ཞེས་ངོ་སྤྲོད་གནང་།
མཚོ་སྔོན་དུ་རྩྭ་ཐང་གི་རྒྱ་ཁྱོན་གྱིས་ཞིང་ཆེན་ས་ཁོངས་རྒྱ་ཁྱོན་གྱི་ཕྱེད་ཀ་ཡན་བཟུང་ཡོད། འདས་ཟིན་པའི་ལོ་གཅིག་ནང་། མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་ལྕོག” སྲུང་སྐྱོབ་འགུལ་སྐྱོད་ལག་བསྟར་བྱས་པ་དང་། “མཁའ་དབྱིངས་དང་ས་ངོས་གཞི་གཅིག་ཅན”གྱི་འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་རིམ་བཞིན་འཐུས་ཚང་དུ་བཏང་བ། གཙང་པོ་དང་མཚེའུ་ཡི་དཔོན་པོའི་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་མ་ལག་ཁྱོན་ཡོངས་ནས་བཙུགས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཟི་ལིང་གྲོང་ཁྱེར་ཆུ་ལམ་བཅོས་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རིན་ཅང་ཀྲི་ཀང་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་གཙང་པོ་དང་མཚེའུ་ཡི་དོ་དམ་ཁྲོད་རྒྱུན་དུ་བཤད་པའི་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ཆུའི་འབྱུང་ཁམས་སླར་གསོ། དེ་བཞིན་ཆུའི་སྦགས་བཙོག་འགོག་བཅོས་སོགས་ཀྱི་བྱ་བའི་ཐད་སྡེ་ཚན་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད།
ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག ཞུས་ཆིང་མིན་གྱིས་ཀྱང་འབྲེལ་ཡོད་གྲོས་མགོ་བཏོན་པ་རེད། ཁོང་གིས་ད་ལྟ་དར་སྤེལ་བཏང་བའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེན་པོའི་ནང་། འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ནི་ལས་རིགས་སོ་སོའི་གཙོ་གཉེར་སྡེ་ཚན་ཁོངས་གཏོགས་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་གཞིས་མཉམ་དུ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། གྲངས་གཞི་དེ་ད་དུང་གྲངས་གཞིའི་རྒྱུན་ལ་དངོས་སུ་ཆགས་མེད། གལ་ཏེ་དུས་བཅད་ལྟར་གྲངས་གཞི་བརྗེ་རེས་དང་གྲངས་གཞི་མཉམ་སྤྱོད་བྱེད་ཐུབ་ན། འབྱུང་ཁམས་ཁོར་ཡུག་སྲུབ་སྐྱོང་བྱ་རྒྱུ་ཁ་ཕྱོགས་དང་ལྟེ་བ་འདོན་སྤྲོད་བྱ་རྒྱུ་དང་འབྱུང་ཁམས་ཁོར་ཡུག་དོ་དམ་གྱི་ལས་ཆོད་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོང་སྲིད་པའི་ངོས་འཛིན་གནང་བ་རེད།
དེ་དང་ཆབས་ཅིག ཤྭ་བ་མཆུ་དཀར་གྱི་ཕ་ཡུལ་དུ། མཚོ་སྔོན་སློབ་ཆེན་གྱི་ཚན་ཞིབ་ཚོགས་པས“གྲངས་འཛིན་ཅན་གྱི་ཤྭ་བ་མཆུ་དཀར”བཟོས་ནས་ཤྭ་བ་མཆུ་དཀར་གྱི་རྣམ་པ་དང་གོམས་གཤིས་ལ་ལད་མོ་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ད་དུང་དྲ་གྲོགས་དང་བརྗེ་རེས་ཐུབ་པ་བྱ་རྒྱུ་རེད། ཚོགས་པས་ཚན་རིག་ཁྱབ་གདལ་གྱི་འགུལ་རིས་དང་དྲ་རྒྱའི་མཉམ་འགུལ་སོགས་གྲངས་འཛིན་ཅན་གྱི་ལག་རྩལ་བརྒྱུད་ཤྭ་བ་མཆུ་དཀར་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་རེད།
མཚོ་སྔོན་སློབ་ཆེན་ཆ་འཕྲིན་ཅན་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རིན་ལིའུ་ཀྲི་ཆང་གིས། གྲངས་འཛིན་ཅན་གྱི་སྲུང་སྐྱོབ་དེ་མཚོ་བོད་ས་མཐོའི་ཐོག་མཐོང་དཀོན་པའི་དངོས་རིགས་ཤིག་ཡིན་པའི་ཤྭ་བ་མཆུ་དཀར་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དེས་མི་རྣམས་ནས་བར་ཐག་དེ་བས་ཉེ་བ་སྟེ། དཔེར་ན། དྲ་བ་བརྒྱུད་གེགས་མེད་ཀྱི་བྱ་ཐབས་ཐོག་ནས་ཤྭ་བ་མཆུ་དཀར་གྱི་རིགས་ལ་རྒྱུས་ལོན་དང་དགའ་ཞེན། དོ་སྣང་བཅས་སྔར་ལས་ལྷག་པ་ཐོབ་ཐུབ་ཅིང་། ཚང་མས་ཤྭ་བ་མཆུ་དཀར་གྱི་ཕ་ཡུལ་ལ་དོ་ཁུར་དེ་བས་མང་བ་དང་མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོབ་ལ་དོ་སྣང་དེ་བས་ཆེ་བ་བྱེད་ཐུབ་རྒྱུ་རེད་ཅེས་བསྟན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།