རྡོ་བརྐོས་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་རོལ་བ།
ཟླ4པའི་ཚེས2ཉིན་གྱི་ཞོགས་པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ལྕགས་རི་ཐང་ཡུལ་ཚོ་རྡོ་རིལ་མ་སྡེ་བའི་རྡོ་བརྐོས་ལས་སྣོན་བཟོ་གྲྭའི་ནང་ལས་བྲེལ་ཧ་ཅང་ཆེ་ལ། མངགས་ཐོ་ལེགས་འགྲུབ་འབྱུང་ཆེད་སྡེ་མི་ཚོས་སྔ་མོ་ནས་ལས་མགོ་ཚུགས་པ་དང་། ཤིང་གཅོད་འཕྲུལ་འཁོར་ནས་བྱུང་བའི་འཛེར་སྒྲ་འཁོར་ཁང་དུ་ཡང་ཡང་གྲག་གོན་འདུག་ལ། རྡོ་བརྐོ་པ་རྣམས་ཀྱིས་འབད་པ་བྱས་ཐོག རྡོ་རེ་རེ་ནི་སྒྱུ་རྩལ་ཐོན་རྫས་སུ་གྱུར་པར་མ་ཟད། རྡོ་རོལ་མ་སྡེ་བའི་ཡོང་སྒོ་འཕར་སྣོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར། “ང་ཚོའི་སྡེ་བར་རྡོ་བརྐོས་ལོ་རྒྱུས་ཡུན་རིང་ལྡན་པ་དང་། སྡེ་བའི་ནང་གི་ཕོ་མོ་རྒན་གཞོན་ཚང་མས་རྡོ་བརྐོས་ལག་རྩལ་ངེས་ཅན་ཞིག་ཁོང་དུ་ཆུད་ཡོད་ལ། དེར་བརྟེན་ང་ཚོས་རྡོ་བརྐོས་ལས་སྣོན་བཟོ་གྲྭ་བཙུགས་ནས་ཚོང་ལམ་རྒྱ་སྐྱེད་པ་དང་སྡེ་བའི་ཡོང་འབབ་ཇེ་མང་དུ་གཏོང་གི་ཡོད”ཅེས་རྡོ་རོལ་མ་སྡེ་བའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་རྡོ་བརྐོས་ལས་སྣོན་བཟོ་གྲྭའི་འགན་འཁུར་པ་སུ་ཡུ་ཡིས་དེ་ལྟར་མཚམས་སྦྱོར་བྱས། 2021ལོར་རྡོ་རོལ་མ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཤང་ཏང་ཨུ་དང་འབྲེལ་མཐུད་བྱས་ཏེ། ཧྲང་ཧའེ་ཡི་རོགས་སྐྱོར་མ་དངུལ་དང་གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་བྱེད་པའི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱས་ཐོག རྡོ་བརྐོས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་བཟོ་གྲྭ་བཙུགས། བཟོ་གྲྭའི་ནང་དུ་སླེབས་མ་ཐག་ཐོན་རྫས་འགྲེམ་ཁང་དང་བྱེ་འཕྱུར་ཁང་། གཞུང་དོན་ཁང་། སྦྱར་སྐྱི་ཁུལ། དམིགས་བྱའི་ཁུལ་སོགས་བཟོ་ལས་ཁུལ་གསལ་པོ་བཀོད་སྒྲིག་བྱས་ཡོད་པ་མིག་ལམ་དུ་མངོན་ཡོང་། གཅོད་གཏུབ་འཕྲུལ་འཁོར་གྱི་འགྲམ་དུ་ལོ53ལ་སོན་ཡོད་པའི་སྡེ་མི་སྒྲོལ་དཀར་གྱིས་རྡོ་ཞིག་འཕྲུལ་ཆས་ཐོག་བཞག་པ་དང་། མཐེབ་མོས་ཡང་མོས་མནན་རྗེས། འཕྲུལ་ཆས་ཀྱིས་རང་འགུལ་ངང་རྡོ་བརྐོས་རི་མོ་འབྲི་མགོ་བརྩམས་ཏེ། བཀོལ་སྤྱོད་བྱེད་པར་ཧ་ཅང་སྟབས་བདེ་རེད། སྒྲོལ་དཀར་གྱིས། “ངས་ཆུང་དུས་ནས་ནང་མི་ཚོའི་རྗེས་སུ་འབྲངས་ནས་རྡོ་བརྐོས་སློབ་སྦྱོང་བྱས་པ་ཡིན་ལ། དེ་སྔ་ལས་ཀ་མེད་པའི་དུས་སུ་སྦྱོང་བ་བྱས་ཤིང་། བསམ་ཡས་ལས་འདས་པ་ཞིག་ལ་རྡོ་བརྐོས་ལག་རྩལ་འདི་ནི་ཕྱུག་འགྱུར་གྱི་འཇོན་ཐང་ཆེན་པོ་ཞིག་ཏུ་གྱུར། ཐོ་བ་ཞིག་ལ་བརྟེན་ནས་ད་ལྟའི་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། སྡེ་མི་ཚོས་ལས་སྣོན་བཟོ་གྲྭར་བརྟེན་ནས་འཚོ་བ་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད།” ཅེས་བཤད། 2023ལོའི་ཟླ3པའི་ཚེས19ཉིན། རྡོ་རིལ་མ་སྡེ་བར་མཚོན་ན་ཧ་ཅང་གལ་འགངས་ཆེ་བའི་ཉིན་མོ་ཞིག་རེད། ཉིན་དེར་རྡོ་བརྐོས་བཟོ་གྲྭས་རྡོ་བརྐོས་གྲངས་ཀ15000ལྷག་གི་མངགས་ཐོ་ལེགས་འགྲུབ་བྱུང་བ་དང་ཡོང་འབབ་སྒོར་ཁྲི10ལྷག་འབྱོར། སུ་ཡུ་ཡིས་ང་རྒྱལ་གྱིས་ཐེངས་དེར་རྩིས་སྤྲོད་བྱས་པའི་རྡོ་བརྐོས་ཐོན་རྫས་ལ་ཚོང་ཤག་གིས་བློ་ཡིད་ཚིམ་པོ་བྱེད་པ་དང་། རྡོ་བརྐོས་བཟོ་གྲྭའི་ཡིད་རྟོན་དང་བློ་ཡིད་ཚིམ་ཚད་ཀྱང་སྡེ་མི་ཡོངས་ཀྱི་འབད་བརྩོན་འོག་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། སྙན་གྲགས་ཉིན་རེར་རྒྱས་པ་དང་ཚོང་ཤག་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པས་མངགས་ཐོ་རིམ་གྱིས་ཇེ་མང་དུ་སོང་ཞིང་། མངགས་ཐོ་བསྟུད་མར་མང་དུ་ཕྱིན་པར་བརྟེན་རྡོ་བརྐོས་བཟོ་གྲྭས་ཆུ་ཚོད24ཡི་ལས་ཀའི་ལམ་ལུགས་ལག་བསྟར་བྱས་པ་དང་ལས་ཞུགས་ཀྱི་གནད་དོན་ཡང་ཐག་བཅད་པ་རེད་ཟེར། “ང་ཚོས་རྡོ་རིལ་མའི་རྡོ་བརྐོས་རིག་གནས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། རྡོ་བརྐོས་བཟོ་གྲྭས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པར་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་རྫས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྡོ་བརྐོས་མིང་རྟགས་གསར་སྐྲུན་བྱེད་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ལེགས་པོ་བྱེད་པ། ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ལྕགས་རི་ཐང་ཤང་གི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཅས་བྱས་པ་བརྒྱུད། གྲོང་གསེབ་དར་སྤེལ་གཏོང་བའི་ལེའུ་གསར་པ་རྩོམ་ཆེད་རྨང་གཞི་བཟང་པོ་ཞིག་འདིང་རྒྱུ་ཡིན།” ཞེས་སུ་ཡུ་ཡིས་རྡོ་བརྐོས་བཟོ་གྲྭའི་མ་འོངས་པའི་འཕེལ་རྒྱས་ཐད་ཡིད་ཆེས་བརྟན་པོ་ངང་དེ་ལྟར་བཤད། ། ཚེ་རིང་རྒྱ་མཚོས་བསྒྱུར།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།