གློག་བརྙན《གསའ》ལ་བལྟས་པའི་མྱོང་ཚོར་རབ་རིབ།
发布时间:2024年04月09日
消息来源:
འཚོ་བ་དང་ཚེ་སྲོག་གི་གྲུབ་དོན།
—བོད་ཀྱི་གློག་བརྙན《གསའ》ལ་བལྟས་པའི་མྱོང་ཚོར་རབ་རིབ།
རྒན་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བགྱིས་པའི་གློག་བརྙན《གསའ》ནི་སྤྱི་ཟླ་བཞི་པའི་ཚེས་གསུམ་ཉིན་ས་གནས་སོ་སོའི་གློག་བརྙན་ཁང་ནས་བསྟན་རྒྱུ་རེད་ཅེས་གསལ་བསྒྲགས་སྤེལ་བར་མཐོང་བརྗེས། ལམ་སང་དུ་འཛིན་ཡིག་ཉོ་རྒྱུའི་འདུན་པ་རབ་ཏུ་ལྕི་སྟེ་སྐད་འཕྲིན་སྒོ་ཕྱེ་སྟེ་འཛིན་ཤོག་ཉོ་བའི་སྟ་གོན་བྱས། ཡིན་ན་ཡང་། དེ་ནུབ་དགོང་མོའི་དུས་ཚོད་བཅུ་པའི་སྟེང་ནས་མ་གཏོགས་འཛིན་ཡིག་མི་འདུག་པས། ལས་ཀའི་བྲེལ་འཚུབ་བར་གསེང་ནས་དུས་ཚོད་བཅུའི་སྟེང་གི་འཛིན་ཡིག་དེ་ཏག་ཏག་ཉོས་ཟིན། རྒན་པདྨ་ཚེ་བརྟན་ལགས་འཇིག་རྟེན་མི་ཡུལ་དང་ཞལ་མ་གྱེས་གོང་དུ་ངས་ཀྱང་ཐེངས་གཅིག་ལ་མཇལ་མྱོང་ཡོད་ལ། དེ་ནི་ཁོང་གི་གློག་བརྙན《ཐར་ལོ》ནུབ་བྱང་མི་རིགས་སློབ་ཆེན་དུ་གཟིགས་འབུལ་བྱས་སྐབས་ཡིན་ལ། བདག་ཀྱང་ཤ་དར་ཁྲག་དར་གྱི་ན་གཞོན་ཞིག་གི་ཕུགས་འདུན་དང་རྨི་ལམ་གྱི་ཆེད་དུ་ཁོང་ལ་འབྲེལ་བ་འཛུགས་མགོ་བརྩམས། དེ་ནས་བཟུང་ངས་རྒན་པདྨ་ཚེ་བརྟན་ལགས་དང་རྟེན་དུ་བསྒོམས་ཤིང་རྒྱུན་དུ་འབྲེལ་འདྲིས་ཇེ་ཟབ་ཏུ་གྱུར། སྤྱི་ལོ༢༠༢༣ལོའི་མགོ་ཞིག་ལ་ངས་དྲ་ལམ་ནས་གློག་བརྙན་སྐོར་གྱི་ཡིག་ཐོག་ནས་བཅར་འདྲི་ཐུང་ཐུང་ཞིག་བྱས་ལ། ཁོང་གིས་དང་ལེན་དང་བཅས་གློག་བརྙན་སྐོར་གྱི་ཤེས་བྱ་དང་བསམ་ཚུལ་གང་མང་ལྷུག་པོར་བརྗོད་སོང་། དགའ་ཚོར་ཆེན་པོས་བོད་ཀྱི་གློག་བརྙན་སྐོར་གྱི་ཁ་བརྡ་བྱ་འཆར་ཡོད་ཀྱང་། རྒྱུ་རྐྱེན་དུ་མའི་དབང་གིས་དོན་འབྲས་མ་སྨིན། ད་ཐེངས་ཁོང་འཇིག་རྟེན་མི་ཡུལ་དང་ཞལ་གྱེས་ནས་ལོ་ཡི་འཁོར་མོ་གཅིག་ལ་ཉེ་རན་པས་དྲན་གསོའི་ཚབ་དང་ཁོང་གི་གློག་བརྙན་བརྩམས་ཆོས《གསའ》གཟིགས་འབུལ་བྱས་པ་དང་བསྟུན། ཁོང་གི་གློག་བརྙན་བརྩམས་ཆོས《གསའ》དང་འབྲེལ་ཏེ་ཅུང་གླེང་བར་བྱ་རྒྱུར།
དང་པོ། བརྙན་ལམ་གྱི་མཛའ་མོ་དང་འཚོ་བའི་གྲུ་ཟུར།
འཚོ་བའི་གྲུ་ཟུར་དུ་ཆགས་པའི་བརྩེ་དུང་གི་འཇའ་ཚོན་རྣམ་པར་བཀྲག་ཅིང་བརྙན་མིག་ཏུ་མཐོང་ཡོང་བ་ནི་རྒྱང་རིང་གི་མཛའ་མོའི་ཞལ་རས་ཡིན། འཚོ་བའི་བདེན་པ་ནི་ཀུན་རྫོབ་ཀྱིས་དག་པར་བྱས་ཤིང་། འཚོ་བའི་གྲུ་ཟུར་དུ་ཡིབ་པའི་བརྩེ་དུང་གི་མངར་ཁ་ནི་མངོན་མི་ཐུབ་པའི་འཁོར་བའི་རྒྱ་མཚོའི་ཕ་མཐའ་རུ་ལྷོད་ཀྱིས་གཡོལ་བའི་གྲུ་གཟིངས་བཞིན། མཐའ་མེད་པའི་བརྩེ་དུང་གི་གཙང་ངོགས་སུ་དལ་གྱིས་བསྐྱོད་ཅིང་མི་ཁོམ་པའི་གནས་ལ་བྲེལ་བའི་ལོ་ཟླའི་དབུ་ཁྱུད་རིམ་གྱིས་བརྙན་མིག་ཏུ་ཕབ་ཅིང། “གསའ”ཞིག་འབྲོག་པའི་ལུག་རའི་ནང་དུ་འཇབས་ཏེ་ལུག་ཁྱུ་བསད་དེ་འབྲོག་པའི་འཚོ་བ་ལ་གཏོར་སྐྱོན་ཐེབས་པ་དང“གསའ”དེ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོས་འཕྲལ་དུ་གསར་འགོད་པ་དང་བརྙན་ལེན་པའི་ཚོགས་ཆུང་ཡུལ་དངོས་སུ་ཆས། གྲང་རླུང་རྒོད་པའི་མཐོ་སྒང་གི་རི་ཀླུང་ཀུན་རིམ་གྱིས་བརྒྱུད་དེ་ཡུལ་དངོས་སུ་འབྱོར་ཞིང་བཅར་འདྲིའི་ལས་ཀར་ཞུགས། གློག་བརྙན་སྒྱུ་རྩལ་གྱི་མཚོན་དོན་དང་དམ་དུ་སྦྲེལ་ཏེ་འཚོ་བའི་བསྡུས་གཟུགས་ཀྱིས་འབྲོག་པའི་རིག་གནས་ཀྱི་ཉིང་བཅུད་དུ་འཐིམ་པའི་ཚོར་ཤེས་ཀྱི་སྨུག་པ་རབ་རིབ་ཙམ་མ་ཡིན་པར། མཚོན་དོན་གྱིས་གྲུབ་པའི་འཚོ་བའི་ཁ་དོག་རྣམ་པར་བཀྲ་ཞིང་མཛེས་སྡུག་གི་ཡུལ་ལྗོངས་དག་རིམ་གྱིས་གསལ་ལ། སྦྱིན་པ་ནི་འབྲོག་པའི་རིག་གནས་ཀྱི་ཚབ་མཚོན་དུ་བགྲང་ཆོག་ཅིང་ལུས་ཀྱི་གཟུགས་དང་ངག་གི་སྒོ་སོགས་འབྲོག་མི་ཕལ་བ་ཞིག་གི་གཟུགས་སུ་བསྐྲུན་པ་ནི་བོད་ཀྱི་གློག་བརྙན་ཡིན་པའི་བརྡ་རྟགས་ཤིག་ཡིན་ངེས་ལ། ཁ་པར་གྱི་བརྙན་ལམ་དུ་འཆར་བའི་བུ་མོ་མཛེས་མ་དེའི་མིག་མདངས་སུ་འཆར་བ་ནི། འཚོ་བའི་གྲུ་ཟུར་དུ་ཡིབ་པའི་རང་གི་དགའ་རོགས་གསར་འགོད་པའི་ལས་ཀ་ལ་འཇུག་པའི་བརྙན་མིག་ལྷག་མ་ཞིག་ཕབ་པ་ནི། འཚོ་བར་བསྐྱར་བཟློས་ཀྱི་མཚོན་ཐབས་སྤྱད་དེ་འཚོ་བའི་གྲུ་ཟུར་དུ་ཡིབ་པའི་རྙོག་ཅིང་འཛིངས་པའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་ལས་ཀ་ནི་འཁོར་བའི་ཆོས་ཉིད་དང་འཚོ་བའི་བདེན་པ་ཁོ་ནས་ར་སྤྲོད་ནུས་ཤིང་། དུས་རབས་ཀྱིས་ཁུར་བའི་རྡུལ་འཚུབ་ཀྱི་ཀློང་དུ་སྐྱེས་བུ་རེ་རེའི་འཚོ་བ་དང་ལས་དོན་དག་དཀའ་རྙོག་ཏུ་ཚུད་ཅིང་། དཀའ་སྡུག་དང་སྙིང་རུས་ཀྱི་བསྐྱེད་པའི་མི་ཚེ་ཡང་འཇིག་རྟེན་གྱི་གྲུ་ཟུར་དུ་རིམ་གྱིས་ཐིམ་སོང་།
གཉིས་པ། ཕལ་བའི་ཁྱིམ་ཚང་དང་འཚོ་བའི་ཁེ་དབང་།
འབྲོག་པའི་རིག་གནས་ཀྱི་དར་སོ་དང་ཕལ་བའི་ཁྱིམ་ཚང་གི་འཚོ་བ་ནི་དུས་རབས་ཀྱི་སྒྲིག་གཞི་རུ་ཚུད་དེ་རིམ་གྱིས་དུས་རབས་ཀྱི་ལྷགས་རླུང་ཁྲོད་དུ་འདར་སིག་སིག་ཏུ་བཅོམ། དངོས་ཡོད་ཀྱི་འགལ་འདུའི་བར་དུ་ཅི་བྱ་གཏོལ་མེད་དུ་གྱུར། སྦྱིན་པས་ཨུ་ཚུགས་མཐའ་བསྐྱལ་གྱིས་སྐྱིན་ཚབ་གཞལ་དགོས་པའི་རེ་ཞུ་ཡང་ཡང་བྱས་ཀྱང་སུས་ཀྱང་ཁས་ལེན་མ་ཐུབ། ཕལ་བའི་ཁྱིམ་ཚང་གི་འཚོ་བ་ནི་ལུག་ཁྱུ་དང་ཁ་འབྲལ་ཐབས་གཏན་ནས་མེད་ཅིང་ལུག་ཁྱུ་དང་མཉམ་དུ་འཚོ་སྡོད་དགོས་ཤིང་། སྦྱིན་པ་ནི་ལུག་ཁྱུ་འཚོ་བའི་ཁེ་དབང་ལག་ཏུ་བཟུང་བའི་ཕྱུགས་བདག་ཅིག་ཡིན་ཞིང་འབྲོག་པའི་རིག་གནས་ཀྱིས་ཟིན་པའི་འབྲོག་མི་དཀྱུས་མ་ཞིག་ཀྱང་ཡིན། ཚེ་སྲོག་གི་རིན་ཐང་ལ་འཛིན་པའི་རྣམ་འགྱུར་ནི་བོད་མི་ཕལ་བ་ཞིག་གི་བསམ་བློ་དང་མཚུངས་ཤིང་། དེ་ནི་རིག་གནས་ཀྱིས་མ་བསླུས་པའི་བོད་ཀྱི་འཚོ་སྡོད་ཀྱི་རིན་ཐང་ལྟ་བའི་བསྡུས་གཟུགས་སུ་བཀོད་ཅིང་། འཚོ་བའི་ཁེ་དབང་དང་ཚེ་སྲོག་གི་རིན་ཐང་། ཚེ་སྲོག་སྲུང་སྐྱོབ་དང་མིའི་འཚོ་བ་བར་གྱི་འགལ་འདུ་ནི་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་ཡང་། སྦྱིན་པས་གནས་ལུགས་ལ་མི་བརྩི་བ་མ་ཡིན་ཞིང་འཚོ་བར་འཛིན་པའི་རྣམ་འགྱུར་གྱིས་ཚེ་སྲོག་གི་གྲུབ་དོན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས། དེ་དག་ནི་གློག་བརྙན་གྱི་དཀྱིལ་སྙིང་དུ་བཟུང་པའི་སྲོག་ཤིག་ཡིན་པར་འདོད་ལ། སྦྱིན་པས་བོད་མི་འཚོ་གནས་ཀྱི་ཁོར་ཡུག་བདག་བཟུང་བྱས་པའི་འཚོལ་རྟོག་དང་མི་སྒེར་ཀྱི་ཁེ་ཕན་དག་རྒྱུན་སྐྱོང་བྱ་རྒྱུའི་རླབས་ཆེན་གྱི་ཐོད་བརྒལ་ཞིག་བྱས། གློག་བརྙན་ནང་དུ་སྦྱིན་པས་གཏམ་དཔེ་ཡིས་སྣེ་དྲངས་ཏེ་ཁ་ཕོ་མཐོ་པོས་བཤད་པའི་རྒྱ་བསྐྱེད་ཅིང་བདེན་པའི་དཔལ་འབར་བ་ནི་འབྲོག་མིའི་རིག་གནས་ཀྱི་ཡིད་རྟོན་ཡིན་ལ། ཕལ་བའི་ཁྱིམ་ཚང་གི་འཚོ་བ་དང་ལུག་ཁྱུའི་རིན་ཐང་ནི་སྦྱིན་པའི་བློ་ངོས་ནས་བོར་ཐབས་མེད་པ་ཞིག་རེད།
གསུམ་པ། རྒྱུ་འབྲས་ཀྱིས་བསླུས་པའི་རིག་གནས་དང་དེའི་རྨི་ལམ།
བརྙན་མིག་ཏུ་གྲྭ་པ་ཞིག་མགོ་མཇུག་བར་གསུམ་གྱི་མཐོང་ལམ་དུ་མངོན་ཞིང་སྙིང་རྗེ་དང་བྱམས་སེམས་ཀྱི་རྒྱུ་འབྲས་ཡིད་ལ་བཟུང་བའི་ལྟ་ཚུལ་གྱིས་གློག་བརྙན་དུ་འཇིག་རྟེན་གཞན་ཞིག་ཟུར་དུ་བསྐྲུན། དེ་འདྲའི་ལྟ་བ་མི་མཐུན་པའི་མི་འགའ་ཞིག་འཚོ་བའི་དོ་ར་རུ་གཅིག་ཏུ་འཛོམས་པ་ནི་དུས་རབས་ཅིག་གི་འགལ་བ་དང་མི་རབས་ཤིག་གི་འགལ་བ་རུ་གྱུར། རྒྱུ་འབྲས་ཀྱིས་བསླུས་པའི་བོད་མིའི་ནང་སེམས་ནི་སྙིང་རྗེ་དང་བྱམས་སེམས་ཀྱིས་བདག་ཏུ་འཛིན་པ་མི་ཆེ་ཞིང་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ལྷུག་པོར་བརྗོད་ཅིང་འདུ་ཤེས་མི་འདྲ་བའི་རིན་ཐང་ལྷག་མ་ཞིག་མངོན་བྱུང་། གློག་བརྙན་གྱི་བར་བཅུག་ཏུ་གྲྭ་པའི་ནང་སེམས་ཀྱི་འདུན་པ་རབ་ཏུ་མངོན་ཕྱིར་ལྟ་བའི་ཕུགས་འདུན་དང་རིག་གནས་ཀྱི་རྨི་ལམ་ཞིག་རྨིས་པ་ལྟར་བརྙན་གྱི་ཁ་དོག་སྐྱ་བོ་རུ་བསྒྱུར་བ་ནི་རིག་གནས་ཀྱི་རྨི་ལམ་དང་རྒྱུ་འབྲས་བསླུ་མེད་ཀྱི་རྩ་བ་ཡིན་པར་རྟོགས་ལ། “གསའ”དང་གྲྭ་པའི་བར་དུ་དྭངས་གཙང་ལྷད་མེད་ཀྱི་བརྩེ་བ་དང་རྒྱུ་འབྲས་བསླུ་མེད་ཀྱི་རྣམ་གཞག་ཅིག་གྲུབ་པ་ནི་བོད་ཀྱི་རིག་གནས་ཀྱི་ཁ་དོག་མངོན་སྟངས་གཞན་ཞིག་ཡིན་པར་འདོད་ལ། གྲྭ་པའི་ནང་སེམས་ཀྱི་མྱོང་བ་དང་ཕྱི་རོལ་དངོས་ཡོད་བར་གྱི་གདོང་ཐུག་ནི་འཚོ་བའི་ཟབ་ས་རུ་བསྟིམས་པའི་འཇིག་རྟེན་གྱི་དམིགས་པ་མི་འདྲ་བའི་འགལ་བ་ཡིས་ར་སྤྲོད་ནུས།
བཞི་པ། དངོས་ཡོད་འཚོ་བ་གཏོར་བའི་སྐྱོ་གར་གྱི་བརྡ་དོན།
གློག་བརྙན་གྱི་གཏིང་རིམ་དུ་འདུས་པའི་འཚོ་བའི་སྲོག་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་ཁ་འབྲལ་ཐབས་མེད་པའི་གསལ་བརྡ་ཞིག་ཏུ་གྲགས་ཤིང་། འཇིག་རྟེན་གྱི་བྱ་ངོས་ལ་ཚོད་འཛིན་གྱི་རང་བཞིན་ལྡན་དགོས་པའི་གནས་ལུགས་ཀྱིས་ཕྱུག་ཅིང་། དངོས་ཡོད་འཚོ་བ་གཏོར་པའི་སྐྱོ་གར་ནི་མི་སྣ་སྦྱིན་པའི་ཕམ་ཁ་དང་འབྲེལ་ཞིང་དོན་ངོས་ཀྱི་བདེན་པ་ཉམ་ཆུང་ཞིང་ཉག་ཕྲ་བའི་སྣང་ཚུལ་ནི་རིག་གནས་ཀྱི་དོ་ར་དང་མི་མཐུན་པའི་སྲོལ་དག་གཏོར་བཅོམ་མི་ཐུབ་པའི་ཚོད་ཀྱིས། ནམ་ཡང་འགལ་འདུའི་ཕུང་པོ་ཞིག་ཏུ་གྲུབ་ཅིང་། ཡང་ན་འབྲོག་པའི་འཚོ་བ་ནི་ཕྱི་རྐྱེན་དང་ནང་རྐྱེན་དུ་མས་རིམ་གྱིས་ཁ་ལོ་བསྒྱུར་ཞིང་སྐྱོ་གར་གྱི་གནས་སུ་ལྷུང་ཞིང་། མཐར་སྦྱིན་པ་ཡང་ཁེར་རྐྱང་དུ་ལུས་ཏེ་གོང་རིམ་གྱི་བཀོད་སྒྲིག་དང་ཨ་ཕའི་འདོད་བློ་ལྟར་དུ་མི་བྱེད་ཀ་མེད་བྱུང་། ལུག་རའི་ནང་གི“གསའ”ཡང་རང་དབང་གི་འཚོ་བ་དང་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཏུ་སླར་ཡང་ལོག་ཟིན། དེ་དག་ནི་གློག་བརྙན་འདིའི་མཇུག་བསྒྲིལ་བར་མཐུད་ཅིང་སྒྱུ་རྩལ་གྱི་ལྷན་ཐབས་སྦྱར་བའི་ཚོད་ཙམ་ཡིན་ངེས་ལ། འཆམ་མཐུན་དང་འདྲ་མཉམ་གྱིས་རྒྱལ་ཁ་བླངས་པ་ནི་འཚོ་བའི་ཟུར་གཞན་ཞིག་ཀྱང་ཡིན་ངེས་སོ། །ལྔ་པ། འགལ་བ་དང་འབྲེལ་བ་ཡི་གདོང་ཐུག
འགལ་བ་དང་འབྲེལ་བ་ནི་གཞི་གྲུབ་ཀྱི་བདེན་པ་ཡིན་ལ། འགལ་བ་དང་འབྲེལ་བའི་བར་དུ་གདོང་ཐུག་ཡོད་པ་ནི་ཚད་མས་གྲུབ་པ་ཡིན་ཞིང་། སྤྱིན་པ་ནི་འགལ་བ་དང་འབྲེལ་བའི་མཚམས་སུ་བསྣོལ་བའི་དབྱེ་མཚམས་ཡིན་ལ། གློག་བརྙན་དུ“གསའ”དང་འབྲེལ་བའི་དོན་དག་ཡོད་ཚད་འཁྲུལ་རྟོག་གིས་བཟོས་པའི་ཆོ་འཕྲུལ་བཞིན་སྣང་ངོས་སུ་བྱིངས་ཤིང་། མགོ་ཁྲིད། གསར་འགོད་པ། ཉེན་རྟོག་པ་སོགས་གཅིག་རྗེས་གཉིས་མཐུད་དུ་སྦྱིན་པའི་ཁྱིམ་དུ་འབྱོར་ཏེ་གདོང་ཐུག་གི་རྒྱུ་རྐྱེན་དུ་གྲུབ་པ་ལས་གཞན་ཞིག་སེལ་ཐབས་མ་བྱུང་། གློག་བརྙན་གྱི་གདོང་ཐུག་ནི་གཏམ་རྒྱུད་ཀྱི་མཐོ་རླབས་ཡིན་ལ། སྦྱིན་པ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ལས་འདས་པའི་ཁེར་རྐྱང་གི་འཚོ་བར་འཐབ་པའི་ཕོ་རྒོད་ཅིག་ཏུ་འཆོས་པ་ནི་འབྲོག་པའི་རིག་གནས་སྲུང་མཁན་གྱི་མཐའ་མ་ཞིག་ཏུ་གྱུར་ཞིང་། མཛེས་སྡུག་གི་ཡུལ་གྲུ་དེར་སྦྱིན་པའི་རང་གཤིས་ཀྱིས་བསྲུང་མ་ཐུབ་པའི་ཁེར་རྐྱང་གི་འཚོ་གཞིས་ཤིག་ཏུ་གྱུར་ཟིན།