སྣ་མི་གཅིག་པའི་ཆམ་སྨན་མཉམ་དུ་བསྟེན་མི་རུང་།
ཆམ་པ་བྱུང་རྗེས། སྣ་མི་གཅིག་པའི་ཆམ་སྨན་མཉམ་དུ་བསྟེན་མི་རུང་སྟེ། སྨན་སྣ་སོ་སོའི་ཕན་ནུས་གཅིག་ཏུ་འབབ་པའི་ནུས་པ་མི་ཐོན་པར་མ་ཟད། སྨན་ནུས་མི་གཅིག་པ་ཕན་ཚུན་མ་འཕྲོད་པར་ཉེན་ཁ་བསྐྱེད་སྲིད།
ཚོང་རའི་ནང་གི་ཆམ་སྨན་ལ་གྲུབ་ཆའི་ཆ་ནས་རིགས་ཆེན་པོ་ལྔ་ཡོད་དེ།
ཚོར་ལྷག་འགོག་སྨན་གྱི་རིགས་ཏེ། སྨན་དེ་རིགས་ལ་ཕུར་མེ་དང་པིན་ཧེ་ལ་མིང་སོགས་ཀྱི་གྲུབ་ཆ་འདུ་ལ། གཙོ་བོ་སྣབས་ཆུ་ལུད་པ་དང་མིག་ཆུ་བཞུར་བ། སྣ་སྦྲིད་རྒྱག་པ་སོགས་ཀྱི་ནད་རྟགས་ལ་ཕན་པ་ཡིན།
ཚ་འཇོམས་ཟུག་གཅོག་གི་སྨན་ཏེ། སྨན་དེ་རིགས་ལ་ཁ་ཁྲུན་ཨན་ཅི་ཧྥིན་དང་པུ་རོ་ཧྥིན་སོགས་ཀྱི་གྲུབ་ཆ་འདུ། གཙོ་བོ་ཚ་འཇོམས་པ་དང་ལུས་ཀྱི་ཟུག་གཟེར་ཞི་བར་ཕན་པ་ཡིན།
སྣ་སྐྱིའི་གཉན་ཁ་གཅོག་པའི་སྨན་ཏེ། སྨན་དེ་རིགས་སུ་ཚྭ་སྐྱུར་མཚེ་ལྡུམ་བུལ་ཏོག་སོགས་ཀྱི་གྲུབ་ཆ་འདུ། གཙོ་བོ་སྣ་འགག་དང་སྣ་སྐྱིའི་གཉན་ཁ་གཅོག་པར་ཕན་པ་ཡིན།
ལུ་སེལ་གྱི་སྨན་ཏེ། གྲུབ་ཆ་ལ་ཡིའུ་མེ་ཧྲ་ཧྥིན་སོགས་ཡོད་ལ། གཙོ་བོ་གློ་ལུ་འཇགས་པར་ཕན་པ་ཡིན།
ལུད་འདོན་གྱི་སྨན་ཏེ། གྲུབ་ཆ་ལ་ཁ་ཞན་པན་ཀོང་ཨན་སྐྱུར་དང་ཚྭ་སྐྱུར་ཨན་ཞིའུ་སོ། རྨ་སེལ་མངར་སྣུམ་སྨི་སོགས་ཡོད། གཙོ་བོ་ལུད་པ་མང་བ་དང་ལུད་པ་འདོན་དཀའ་བ་ལ་ཕན་པ་ཡིན།
འདིར་ཆམ་སྨན་མང་པོ་ཞིག་གི་གྲུབ་ཆ་ལ་འདྲ་བའི་ཆ་ཡོད་པས། གྲུབ་ཆ་གཅིག་པའི་སྨན་སྣ་མཉམ་བསྲེས་ཀྱིས་བསྟེན་པ་དང་། མང་དུ་བསྟེན་པ། བསྐྱར་ཟློས་ཀྱིས་བསྟེན་པ་སོགས་ཀྱིས་སྨན་བསྟེན་ཚད་ཚད་ལས་བརྒལ་བའི་སྣང་ཚུལ་འབྱུང་སླ། དཔེར་ན་ཆམ་སྨན་མང་ཤོས་ཀྱི་གྲུབ་ཆར་གྱུར་པའི་ཁ་ཞན་ཨན་ཅི་ཧྥིན་ལྟ་བུ་ནི། མི་དར་མས་ཐེངས་རེར་ཁེ10ནས་ཁེ15བསྟེན་ན་མཆིན་དུག་བསྐྱེད་སྲིད་ལ། ཁེ20ནས་ཁེ25དང་། ཡང་ན་དེ་ལས་ལྷག་པ་བསྟེན་ན་འཆི་བར་ངེས།
ཆམ་པ་བྱུང་ནས་ཚ་བརྒྱབ་ཚེ་ཆམ་སྨན་བསྟེན་པའི་འཁྲུལ་སོ་འགའ་ལ་གཡོལ་ཐབས་བྱེད་དགོས་ཏེ།
འཁྲུལ་སོ་དང་པོ། ཆམ་པ་བྱུང་ན་ཆམ་སྨན་ཁ་ཚར་བསྟེན་དགོས་པར་འདོད་པ།
ཆམ་སྨན་ཁ་ཚར་མས་ཚ་རྒྱག་པ་དང་སྣ་སྦྲིད་རྒྱག་པ། སྣབས་ཆུ་ལུད་པ་སོགས་ནད་རྟགས་མང་པོ་ཞིག་ལ་གོ་ཆོད་དོན་ནི་དེའི་གྲུབ་ཆ་སྣ་མང་བར་འབྲེལ་བ་ཡོད། ཡིན་ནའང་། གལ་ཏེ་ནད་རྟགས་མང་པོ་དུས་གཅིག་ཏུ་ཐོན་པ་མིན་ན། སྨན་གྱི་གྲུབ་ཆ་གཞན་དག་ལ་དགོས་པ་མེད་པར་མ་ཟད། སྨན་མི་འཕྲོད་པའི་ཉེན་ཁའང་ཇེ་ཆེར་འགྲོ་བ་ཡིན།
འཁྲུལ་སོ་གཉིས་པ། དར་མའི་ཆམ་སྨན་ཚལ་བར་བགོས་ནས་བྱིས་པར་ལྡུད་པ།
བྱིས་པ་ནི་དར་མ་ཇེ་ཆུང་དུ་བཏང་བ་མིན། བྱིས་པའི་མཆིན་པ་དང་མཁལ་མ་སོགས་དོན་སྣོད་ཀྱི་དབང་བོ་རྣམས་སྨིན་མེད་པས། སྨན་གྱི་དུག་རྒྱུ་འགོག་པའི་ནུས་པ་དར་མ་ལས་ཆུང་བ་ཡིན། བྱིས་པར་ནད་བྱུང་ཚེ་དུས་ཐོག་ཏུ་སྨན་པར་བསྟེན་རིགས་ལ། བསྟེན་བྱའི་སྨན་ཡང་བྱིས་པར་ཆེད་དུ་བཟོས་པའི་སྨན་བསྟེན་རིགས། དར་མས་བསྟེན་པའི་སྨན་ཚལ་བར་བགོས་ནས་བསྟེན་པའང་མི་རིགས།
འཁྲུལ་སོ་གསུམ་པ། སྨན་ལྷག་མ་ན་ཐེངས་རྗེས་མར་བསྟེན་པ།
སྨན་ཐུམ་ཁ་ཕྱེ་རྗེས། ཐུམ་ངོས་ཀྱི་དུས་བཅད་ལ་ལྟ་ཡག་བྱེད་དགོས་ཏེ། སྨན་ནུས་ཀྱི་ཁག་ཐེག་དུས་བཅད་ལས་བརྒལ་ཡོད་མེད་ལ་ཞིབ་ཏུ་བརྟག་དགོས།
ཕྱི་ལ་འབྱུག་རྒྱུའི་སྨན་ཡིན་ཡང་དེ་ལ་དྲོད་ཚད་ཀྱི་ཆ་རྐྱེན་གསལ་པོ་ཡོད་པར་མ་ཟད་གཏན་འཁེལ་གྱི་དུས་བཅད་ཀྱང་ཡོད་པས། དེ་བཞིན་དུ་མཉམ་འཇོག་གང་ལེགས་བྱེད་དགོས། །
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།