སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དགོས།
发布时间:2024年05月07日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

སྐྱེ་ཁམས་ལྟ་ཞིབ།

 ཉེ་ཆར། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང“བྱང་གསུམ”བཟོ་འགོད་འགག་སྒྲོལ་དམག་འཐབ་སྐུལ་སློང་ཚོགས་ཆེན་འཚོགས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཀའ་བརྡ་ཐོས་མ་ཐག་ཏུ་འགུལ་སྐྱོད་བྱས་ཤིང་། གཅིག་རྗེས་གཉིས་མཐུད་ངང་ལྗང་སྒྱུར་ཁུལ་དང་ལྗང་སྒྱུར་ས་ཚིགས་སོ་སོར་སོང་སྟེ། འོས་འགན་སྡོང་འཛུགས་བྱ་འགུལ་ནང་ཞུགས། ཚང་མས་བཙུགས་པ་ནི་སྡོང་ཕྲུག་རེ་རེ་ཙམ་མ་ཡིན་པར། སྐྱེ་ཁམས་ལེགས་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ་ལྗང་མདོག་གི་ཚོན་མདངས་བསྣན་པ་དེ་བས་ཀྱང་ཡིན།
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་འགན་འཁྲི་ཆེ་ཤོས། སྦས་ཤུགས་ཆེ་ཤོས་བཅས་སྐྱེ་ཁམས་ལ་ཐུག་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་ཏུ་བསྟར་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་རུ་བསྒྱུར་ཅིང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁོངས་ལྗང་སྒྱུར་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་བཏང་སྟེ། ནགས་སྐྲུན་ལས་འགན“ཐད་ཀར་རྫོང་དུ་འབྱོར་བ་དང་། དོན་ཐོག་ཏུ་འཁྱོལ་བ”བྱས་ནས། ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ཞིང་། “བྱང་གསུམ”བཟོ་འགོད་ཀྱི་འགག་སྒྲོལ་དམག་འཐབ་མགོ་རྩོམ་པ་སོགས་ཀྱི་བྱ་བ་བསྒྲུབས་པ་དང་། གཙང་པོའི་མགོ་ཁུངས་ཀྱི་ས་གཞིའི་ཁྱོན་ལ་ལྗང་མདོག་འཕྱུར་ཅིང་སྐྱེ་སྟོབས་རྒྱས་པར་བྱས་པས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།
རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་སྤྱོད་སྤེལ་སྐབས་གྲངས་འབོར་ལ་མཐོང་ཆེན་བྱ་དགོས་ལ་སྤུས་ཚད་ལ་དེ་བས་ཀྱང་མཐོང་ཆེན་བྱ་དགོས། “ཚན་རིག་དང་མཐུན་པའི་ལྗང་སྒྱུར་ཐད་མུ་མཐུད་ཤུགས་བཏོན་ཚེ། གཞི་ནས་ལྗང་མདོག་ས་ཁོངས་སྔར་ལས་རྒྱ་ཇེ་ཆེར་གཏོང་ཐུབ་པ་དང་ལྗང་མདོག་གྲུབ་འབྲས་སྔར་ལས་སྲུང་སྐྱོབ་ནུས་ལྡན་བྱས་ཏེ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལྗང་མདོག་རྟག་ཏུ་གནས་པར་བྱེད་ཐུབ”ཅེས་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་སྐྱེ་ཁམས་ཉམས་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མ་ཅན་ཕིང་གིས་བཤད།
图片
དཔྱིད་ཀྱི་དུས་ཚིགས་འདི་ནི། ལྗོན་ཤིང་འཛུགས་པར་བྲེལ་བའི་མི་རྣམས་ལ་དབང་བར་མ་ཟད། ཕུགས་བསམ་ཡིད་ལ་ཉར་ཞིང་རེ་བའི་སྨོན་འདུན་སྒོམ་པའི་ནགས་ལས་ཚན་རིག་ཞིབ་འཇུག་པ་ཚོ་ལའང་དབང་བ་རེད།
ཡུལ་ཕྱོགས་ཀྱི་སྡོང་རིགས་ནི་ནགས་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ཐོན་ཁུངས་ཤིག་ཡིན། རི་རྒོད་ནགས་སྐྲུན་དང་གྲོང་ཁྱེར་དང་གྲོང་རྡལ་ལྗང་མདོག་ཏུ་སྒྱུར་བའི་སྡོང་རིགས་གཙོ་བོ་ཡིན་པའི་ངོས་ནས། མཚོ་སྔོན་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་གྱི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་།དེ་གསར་སྤེལ་དང་བེད་སྤྱོད་བྱས་ན་ནགས་སྐྲུན་དང་སྡོང་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྡོང་པོའི་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་དོ་སྙོམས་རྒྱུན་འཁྱོངས་བྱེད་པ། ནགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན།
图片
མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་ཞིང་གནམ་གཤིས་གྲང་བ་དང་། ནུབ་རྒྱུད་ཀྱི་བྱེ་རླུང་ལྡང་བ། ཤར་རྒྱུད་ཀྱི་ཐན་པ་ཆེ་བ་བཅས་ཀྱི་ས་ཁོངས་ཁྱད་ཆོས་ལ་གཞིགས་ནས།མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། ཚྭ་འདམ་གཞོང་ས། ཤར་རྒྱུད་ས་སེར་དེའུ་འབུར་གྲོག་རོང་ས་ཁུལ་བཅས་ཀྱི་རི་སྐྱེས་ཡུལ་སའི་སྡོང་རིགས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ་ལག་རྩལ་གྱི་ཚད་གཞི་ཕྱོགས་སྡོམ་གཏན་འབེབས་དང་། ནགས་ཤིང་སོན་བཟང་གསོ་སྤེལ་མ་ལག་འཐུས་ཚང་དུ་བཏང་སྟེ། ས་ཁོངས་མི་འདྲ་བའི་ནགས་སྐྲུན་སྡོང་རིགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་བསྐང་ཐུབ་པར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་སྒྱུར་སྡོང་རིགས་ཡུལ་ས་ཅན་དང་སོན་བཟང་ཅན།སྣོད་ཆས་ཅན།ཆ་འཕྲིན་ཅན།ཚད་ལྡན་ཅན་བཅས་སུ་འགྱུར་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱས།མཚོ་སྔོན་གྱིས་འདུལ་སྦྱོང་རྒྱུད་སྤེལ་དང་དཔེ་སྟོན་ཧུར་ཐག་བྱས་ནས་ཡུལ་ཕྱོགས་ཀྱི་སྡོང་རིགས60ཡན་གསོ་སྤེལ་དང་ཁྱབ་གདལ་བཏང་ཞིང་། ནགས་ཤིང་གི་སོན་བཟང43ཞིབ་བཤེར་རམ་ཁས་ལེན་བྱས་ནས་ཡུལ་ཕྱོགས་ཀྱི་ཤིང་རིགས་ཁག་དང་པོའི་མིང་ཐོའི་ཁྲོད་རིགས418གཏན་འཁེལ་བྱས་ཡོད།
图片
དུས་མཚུངས་སུ། ནགས་དང་རྩྭ་རིགས་གསོ་སྤེལ་བྱེད་པའི་ལག་རྩལ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྩྭ་རིགས5ལ་བར་སྣང་སོན་འདེབས་ཀྱི་ལག་རྩལ་སྤྱད་དེ་ལེགས་འགྲུབ་བྱུང་བར་མ་ཟད་གནའ་ཤིང་གྲགས་ཅན་མྱུར་སྐྱོབ་སླར་གསོ་བྱས་ཤིང་། གནའ་སྡོང་ཁྱུ་ཚོགས་གསུམ་རྒྱལ་ཡོངས་ཀྱི“ཆེས་མཛེས་པའི་སྡོང་པོའི་ཁྱུ་ཚོགས100”ཡི་ནང་བདམས་པ་རེད།
图片
མ་ཅན་ཕིང་གིས་ད་ལོར་མཚོ་སྔོན་གྱིས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་ཏེ། གཙོ་གནད་ལ་དམིགས་པ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྒྱུན་མཐུད་ཤུགས་འདོན་གྱིས་རྒྱལ་ཁོངས་ལྗང་སྒྱུར་གྱི་ལས་འགན་སྤྱི་ཆིང་ཁྲི36.67ཡན་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་།བྱེད་ཐབས་སྣ་མང་གི་འོས་འགན་སྡོང་འཛུགས་བསྡོམས་པས་སྡོང་རྐང་ཁྲི1800ཡན་བྱས་ཏེ། ཞིང་ཆེན་ཡོངས་སུ་ལྗང་མདོག་ལ་དགའ་བ་དང་། ལྗང་མདོག་སྲུང་བ། ལྗང་མདོག་དར་སྤེལ། ལྗང་མདོག་ཁ་སྣོན། ལྗང་མདོག་ལྟ་སྲུང་བཅས་ཀྱི་རྣམ་པ་ཞིག་ཆགས་སུ་འཇུག་རྒྱུ་ཡིན་ཟེར།
བྱ་སྤྱོད་དངོས་ལ་བརྟེན་ནས་ས་གཞི་ཆེན་པོར་ལྗང་མདོག་བསྣན་ཏེ་ལྗང་སྒྱུར་བྱེད་རྒྱ་ཆེ་རུ་བསྐྱེད་པ་ནས་ལྗང་མདོག་གསེར་དུ་འགྱུར་བར་བྱས་པས། དེང་སྐབས་ཀྱི་མཚོ་སྔོན་ནི་ལྗང་མདོག་ནས་མཛེས་སྡུག་ཏུ་འགྱུར་བཞིན་ཡོད། །
图片