རྐང་ཚ་རྫོང་གིས་ནུས་ཤུགས་ཡོད་རྒུས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱས་ཏེ་རྫོང་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་ལ། རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་ཐབས་མང་མཉམ་སྤྱོད་བྱས་པས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་བཟང་བོ་ཐོབ།
རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་སྲུང་སྐྱོང་གི་འགན་འཁྲི་བརྟན་པོར་བསྒྲུབས། རྐང་ཚ་རྫོང་དགོ་དམར་སྲུང་སྐྱོབ་ལས་དོན་མགོ་ཁྲིད་ཚོ་ཆུང་བཙུགས་ནས། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ལས་དོན་ཆེད་གཉེར་འཛིན་གྲྭ་སྒྲིག་འགོད་བྱས་ཏེ། འགན་ཁུར་དང་ལས་འགན་ཁ་གསལ་བཟོས་ནས་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁག་སོ་སོས་དུས་ཐོག་ཏུ་ལས་དོན་གྱི་ཇུས་གཞི་ཞིབ་འཇུག་བྱས་ནས་གཏན་ལ་ཕབ་པ་དང་། སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། མངའ་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་སྟེ་སྲུང་སྐྱོབ་ས་ཁོངས་ཁག་བགོས་འགན་གཙང་ལེན་བྱས་ཤིང་། དགོ་དམར་སྐོར་སྲུང་ལས་དོན་དེ་ནགས་ལས་དང་རྩྭ་ཐང་དོ་དམ་གྱི་དཔྱད་ཞིབ་ནང་དོན་དུ་བཅུག་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་དགོ་དམར་སྲུང་སྐྱོབ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཡག་པོ་བྱས།
རོགས་སྐྱོབ་སྒྲིག་བཀོད་བཙུགས་ནས་སྲུང་སྐྱོབ་བྱ་ཐབས་ལ་ཤུགས་བསྣན། དགོ་དམར་གཅིག་སྡུད་ས་ཁོངས་སུ་དགོ་དམར་རོགས་སྐྱོབ་སྐོར་སྲུང་ས་ཚིགས་བཙུགས་ནས་ཆེད་མངགས་ལས་རེས་བཀོད་སྒྲིག་བྱས་པ་མ་ཟད། གཟན་ཆས་ས་ཚིགས6དང་ཆུ་འདོན་ས་ཚིགས3གཏན་འཁེལ་བྱས་ཏེ། གཙོ་གནད་ས་ཁོངས་སུ་གཟན་རྩྭ་གཏོང་ཚད་ཇེ་མང་དུ་བཏང་ཞིང་དུས་བཅད་ལྟར་དགོ་དམར་ལ་གཟན་རྩྭ་སྟེར་བའི་ལས་དོན་སྤེལ་ཏེ་དགོ་དམར་ལ་རྩྭ་ཆུ་འདང་བའི་འགན་སྲུང་བྱས། དེ་དང་ཆབས་ཅིག་དུས་ཐོག་ཏུ་དཔལ་དགེ་གྲོང་རྡལ་གྱི“དགོ་དམར་དམངས་དམག་སྐོར་སྲུང་རུ་ཁག”བཙུགས་ནས་ས་ཁོངས་དེའི་ད་ཡོད་ཀྱི་ནགས་ལས་དང་རྩྭ་ཐང་དོ་དམ་སྲུང་སྐྱོབ་པ35ལ་གཞོགས་འདེགས་དམ་ཟབ་བྱས་ཏེ་ཁྱོན་ཡོངས་ལ་སྐོར་ཞིབ་ཐུབ་པ་བྱས་ཡོད།
སྲུང་སྐྱོབ་དྲིལ་སྒྲོག་སྤེལ་ནས་གླེང་ཕྱོགས་ཀྱི་རྣམ་པ་བཟང་བོ་བསྐྲུན། ད་ཡོད་ཀྱི“འགན་ལེན་བཞི་དང་མཉམ་འབྲེལ་བཞི”དང“དཀྱིལ་སྙིང་གཅིག་དང་དཔུང་སྡེ་ལྔ”སོགས་ཀྱི་བྱ་བའི་ལམ་སྲོལ་གང་ལེགས་སྤྱད་དེ་དོ་དམ་སྲུང་སྐྱོབ་པ་དང་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ་གྱི་མཐའ་འཁོར་སྡེ་བར་བསྐྱོད་དེ་གྲོས་འདོན་ཡི་གེ་དང་དྲིལ་སྒྲོག་ལག་དེབ་སོགས་རྒྱུ་ཆ་བྱིན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དགོ་དམར་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་། དེ་དང་ཆབས་ཅིག་རྫོང་ཁོངས་ཀྱི་རྒྱལ་ལམ315ཡི་གཡས་གཡོན་དང་རྨོ་བསྐྱུར་ནགས་གསོའི་མེ་འགོག་ས་ཚིགས་སོགས་སུ་དགོ་དམར་སྲུང་སྐྱོབ་ཀྱི་སྦྱར་ཡིག11བཀལ་ནས་དགོ་དམར་སྲུང་སྐྱོང་བྱེད་པའི་རྣམ་པ་ཡག་པོ་ཞིག་བསྐྲུན་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་ལས་དོན་སྤེལ་བར་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་ཆགས་ཡོད།