མཚོ་སྔོན་གྱིས་ཁྲུང་ཁྲུང་སྐེ་ནག་གི་རིགས་ཁྱུའི་ཁ་གྲངས་དང་གནས་སྤོའི་ལམ་ཐིག་ཕྱོགས་ཡོངས་ནས་ཤེས་རྟོགས་བྱུང་།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2022ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་དང་པེ་ཅིང་ནགས་ལས་སློབ་གྲྭ་ཆེན་མོའི་ཁྲུང་ཁྲུང་སྐེ་ནག་ཞིབ་འཇུག་རུ་ཁག མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་འདབ་ཆགས་ལྟ་ཞིབ་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་འཁོར་སྐར་རྗེས་འདེད་དང་སྲོག་ཆགས་སྐྱེ་ཁམས་རིག་པའི་ཁྲོད་ཀྱི་རྟགས་འགོད་བསྐྱར་འཛིན་སོགས་ཞིབ་འཇུག་ཐབས་ལམ་སྤྱད་དེ་ཁྲུང་ཁྲུང་སྐེ་ནག་སོགས་མཚོ་སྔོན་དུ་ཁྱབ་པའི་ཁྲུང་ཁྲུང་རིགས་གསུམ་ལ་བརྟག་དཔྱད་ཞིབ་འཇུག་བྱས།
ཁྲུང་ཁྲུང་སྐེ་ནག པར་རིས་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་འདོན་སྤྲོད་བྱས།
ཞིབ་འཇུག་ལས་མངོན་པ་ལྟར་ན། མཚོ་སྔོན་དུ་ཁྱབ་པའི་ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་བསྡོམས་པས2616ཡོད་པ་དང་། དེ་ལོ10ཡི་ཡར་སྔོན་དང་བསྡུར་ན1400ཡིས་ཇེ་མང་ལ་སོང་ཡོད། དེའི་ཁྲོད་དུ་བྱ465ནི་འགྲུལ་བྱ་ཡིན་པས་མཚོ་སྔོན་ཞིང་ཆེན་ནས་དུས་ཚོད་ངེས་ཅན་ཞིག་ལ་བསྡད་རྗེས་ཀན་སུའུ་ཕྱོགས་སུ་འཕུར་ནས་རྒྱུད་སྤེལ་བྱེད་པ་དང་། ལྷག་མའི་བྱ་དག་ནི་མཚོ་སྔོན་ཞིང་ཆེན་གྱི་དབྱར་ཁའི་དུས་བྱ་ཡིན་པས་མཚོ་སྔོན་ཞིང་ཆེན་ནས་གནས་བཅས་ཏེ་རྒྱུད་སྤེལ་བྱེད་པ་རེད། དུས་མཚུངས་སུ། ལོ3ལྷག་ལ་མཚོ་སྔོན་ཞིང་ཆེན་ནས་ཁྲུང་ཁྲུང་སྐེ་ནག82ཀྱི་གནས་སྤོ་ལ་རྗེས་འདེད་བརྟག་དཔྱད་བྱས་པ་དང་། བརྟག་དཔྱད་ས་གནས66གིས་ཕྱིར་བརྡ་ལན་སློག་པའི་གཞི་གྲངས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱབ་ཚུལ་དཔེ་རིས་དང་གནས་སྤོའི་ལམ་ཐིག་ཤེས་རྟོགས་ཐུབ་པ་བྱུང་། མཚོ་སྔོན་ཞིང་ཆེན་ནས་མགོ་བརྩམས་པའི་ཁྲུང་ཁྲུང་སྐེ་ནག་གི་ལམ་ཐིག་ལ་གཙོ་བོ་གསུམ་ཡོད་དེ། ལམ་ཐིག་དང་པོ་ནི་དཔེ་དབྱིབས་ཀྱི་མ་དཔེ་ཐོན་ཡུལ་མཚོ་སྔོན་པོའི་མཐའ་འཁོར་ཁུལ(འཇུ་ལག་རྫོང་ཆུ་མིག་མཚེའུ་དང་མདོ་ལ་རྫོང་གཡང་ལུང་། ཐེམ་ཆེན་རྫོང་ཐེམ་འཕོང་རླན་ས། ཝུའུ་ལན་རྫོང་ཅིན་ཙི་ཧའེ)དང་། ཡུལ་ཤུལ་ཁུལ་གྱི་ཤར་ལྷོའི་རྒྱུད། རོང་པོ་ཐང་བཅས་ནས་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་སྐེ་ནག་བོད་ལྗོངས་ཉིང་ཁྲི་རྫོང་ཡར་ཉང་རླན་ས་དང་། བྲག་གསུམ་མཚོ་དང་གོང་མཚོ་སོགས་སུ་འཕུར་ནས་དགུན་སྐྱེལ་བའི་ལམ་ཐིག་དེ་ཡིན་ལ། ལམ་ཐིག་གཉིས་པ་ནི་མདོ་ལ་རིང་མོའི་བྱང་རྒྱུད་མཚོ་སྔོན་ས་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་ལྷ་སའི་ལྷུན་གྲུབ་རྫོང་ཡར་ཀླུང་གཙང་པོའི་ཆུ་ལག་འཕན་ཡུལ་ངན་ཆུའི་འབབ་རྒྱུད་དང་ཡར་ཀླུང་གཙང་པོའི་འབབ་རྒྱུད་གཞིས་ཀ་རྩེ་ཉ་མོ་ཡུལ་ཚོ་རུ་འཕུར་ནས་དགུན་སྐྱེལ་བའི་ལམ་ཐིག་ཡིན། ལམ་ཐིག་གསུམ་པ་ནི་རྨ་ལྷོ་ཁུལ་གྱི་རྨ་ཆུའི་འབབ་རྒྱུད་རླན་ས་དང་མགོ་ལོག་ཁུལ་གྱི་བྱིས་མཚོ་སོགས་ཁྱབ་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་ཡུན་ནན་ཀྲའོ་ཐུང་རི་བོར་འཕུར་ནས་དགུན་སྐྱེལ་བའི་ལམ་ཐིག་ཡིན། དེ་དང་ཆབས་ཅིག་ཀན་སུའུ་ཡན་ཁྲི་ཁུགས་དང་ཞིན་ཅང་ཨའར་ཅིན་རི་བོ2སུ་རྒྱུད་སྤེལ་བྱེད་པའི་རིགས་ཁྱུས་གནས་སྤོའི་ལམ་བར་ནས་མཚོ་སྔོན་དུ་ངལ་གསོ་བ་དང་། མཐར་བོད་ལྗོངས་ལྷུན་གྲུབ་རྫོང་གི་ཁྱབ་ཁོངས་ནས་དགུན་སྐྱེལ་བའི་གནས་ཚུལ་ཡང་ཤེས་རྟོགས་བྱུང་།
འཁོར་སྐར་རྗེས་འདེད་གཞིར་བཟུང་བའི་མཚོ་སྔོན་ཞིང་ཆེན་གྱི་ཁྲུང་ཁྲུང་སྐེ་ནག་གི་གནས་སྤོའི་ལམ་ཐིག པར་རིས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འདོན་སྤྲོད་བྱས།
ཁྲུང་ཁྲུང་སྐེ་ནག་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་སྟོངས་ཉེའི་དངོས་རིགས་སུ་བཞག་ཡོད། དེ་ནི་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་རིགས་གཅིག་པུ་ཡིན་ལ། ཁྲུང་ཁྲུང་གི་རིགས་ལས་ངོས་འཛིན་བྱས་པ་ཆེས་འཕྱི་བའི་དངོས་རིགས་ཀྱང་ཡིན། མིག་སྔར་འཛམ་གླིང་དུ་རིགས་ཁྱུའི་ཁ་གྲངས17000ཡས་མས་ཡོད།
ཁྲུང་ཁྲུང་སྒལ་སྒྲོ། པར་རིས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འདོན་སྤྲོད་བྱས།