བྱེ་ཐང་སྔོ་ལྗང་དུ་གྱུར་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གཙོ་བོ་ཡིན་ལ། ས་གཞི་བྱེ་ཐང་ཅན་དུ་འགྱུར་བའི་ཁྱབ་རྒྱ་ཆེས་ཆེ་ཞིང་བྱེ་འགྱུར་གནོད་པ་ཅུང་ཚབས་ཆེན་ཐེབས་པའི་ས་ཁུལ་ཞིག་ཀྱང་ཡིན། འདི་ནི་བྱེ་སྣ་རྒྱལ་ཁབ་སྤྱི་གླིང་འགྲམ་གྱི་ཆུ་ཕྲན་རེད། སྔོ་ལྗང་ལྗང་དུ་ཡོད་པའི་བྱེ་སྣ། ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། “མུ་གེ་ཐང་མཐའ་འཁོར་གྱི་སྐྱེ་ཁམས་ས་རྒྱུད་བཅོས་སྐྱོང་བྱེད་པ་དེ་གཙོ་ཐིག་དང་། ཐང་བཞི་ལུང་གཉིས་ཐིག་གཉིས་ཆུ་གཅིག་བཅས་གཙོ་གནད”ཡིན་པའི་བྱེ་འགོག་བྱེ་བཅོས་ཀྱི་སྤྱིའི་རྣམ་པ་ལྟར། “སྡོང་ཕྲུག་འཛུགས་པ་དང་རྩི་ཤིང་འདེབས་པ་ཟུང་འབྲེལ་དང་། བཀག་སྐྲུན་སྐྱོང་གསུམ་མཉམ་འཛིན”གྱི་བྱ་བའི་བྱེད་ཐབས་སྤྱད་པའི་ལོ་ངོ28ཀྱི་རིང་ལ། རྫོང་ཡོངས་ཀྱི་བྱེ་ཐང་ཅན་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི12བཅོས་སྐྱོང་བྱས་ཏེ། ནགས་ཚལ་གྱི་ཁེབས་ཚད1996ལོའི2.6%ནས་ད་ལྟའི19.24%ལ་འཕར་ནས། “བྱེ་མས་མི་ཕྱིར་འདེད་པ”དེ“སྔོ་ལྗང་གིས་བྱེ་མ་ཕྱིར་འདེད་པ”ཡི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད། ཟླ5པའི་ཚེས17ཉིན། གསར་འགོད་པ་བྱེ་སྣ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་གི་སྨི12ཅན་གྱི་ལྗོངས་གཟིགས་སྟེགས་བུའི་སྟེང་དུ་འགོས་ནས་མར་བལྟས་པ་ན། ཚང་ཚིང་དུ་འཁྲིགས་པའི་ནགས་ཚལ་རྒྱང་རིང་དུ་བསྲིངས་ཤིང་། ལྗོངས་གཟིགས་སྟེགས་བུའི་འོག་གི་བྱེ་སྒང་སྔོ་ལྗང་དུ་གྱུར་ཏེ། ནགས་ཚལ་དང་ཆུ་བོ། གཞིས་ཁྱིམ་གསུམ་ཕན་ཚུན་འདྲེས་ནས་བརྗིད་ཆགས་མཛེས་སྡུག་གི་ཡུལ་ལྗོངས་ཤིག་གྲུབ་ཡོད་པ་མཐོང་།