དར་ཡོལ་དུས་ཀྱི་བུད་མེད་ཀྱི་བདེ་སྲུང་བྱེད་ཐབས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། ལོ45ནས50བར་ནི་དར་ཡོལ་དུས་ཡིན། དར་ཡོལ་དུས་ནི་བུད་མེད་ཀྱི་ལུས་ཁམས་དར་བ་ནས་རྒུད་པར་གྱུར་བའི་འགྱུར་ལྡོག་གི་དུས་སྐབས་ཤིག་ཡིན་ལ། བུ་བཙའ་ནུས་པ་འཕེལ་བའི་དུས་ནས་ཉམས་པའམ་མེད་པར་གྱུར་བའི་བར་བརྒལ་གྱི་དུས་ཤིག་ཀྱང་ཡིན། སྐབས་འདིར་མགོ་ཡུ་འཁོར་བ་དང་མིག་འཆོལ་བ། མགོ་ན་བ་དང་རྣ་ནང་དུ་གྲག་པ། སྙིང་འཚང་ཞིང་གཉིད་མི་ཡོང་བ། སེམས་འཚབ་ཅིང་ཁྲོ་སླ་བ། སེམས་མི་སྐྱིད་པ། ཟླ་མཚན་ཉོག་པ། ལུས་ཚ་རྒྱས་ཤིང་རྔུལ་སླ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། དེ་ལ་དར་ཡོལ་དུས་ཀྱི་ཕྱོགས་བསྡུས་ནད་རྟགས་ཟེར། སྐབས་དེར་སྙོམ་སྒྲིག་ལེགས་པོ་བྱས་ན། ནད་རྟགས་དེ་དག་གི་ཚབས་ཇེ་ཆུང་དང་ཡུན་ཇེ་ཐུང་དུ་གཏོང་ཐུབ། གཤམ་གྱི་དར་ཡོལ་དུས་ཀྱི་བུད་མེད་ཀྱི་གནད་དོན་འདི་དག་ལ་མཉམ་འཇོག་དགོས་པ་སྟེ། གཅིག སེམས་ཁམས་སྐྱིད་པོ་ཡོང་བར་འབད་དགོས། དར་ཡོལ་དུས་ཀྱི་བུད་མེད་ཀྱིས་རང་གི་ལུས་ཁམས་ཀྱི་འགྱུར་ལྡོག་ལ་མཉམ་འཇོག་ཡང་དག་བྱས་ཏེ། མཁོ་མེད་ཀྱི་བསམ་བློའི་ཁུར་བོ་དང་སེམས་འཚབ་དངངས་སྐྲག དགོས་མེད་ཀྱི་སེམས་ངལ་དང་ཁུངས་མེད་ཀྱི་དོགས་པ་དག་དོར་ནས། སེམས་ཁམས་མི་ལེགས་པ་མེད་པར་བཟོ་དགོས། དོན་དག་མི་ལེགས་པ་དང་འཕྲད་ཚེ་ཁོང་ཁྲོ་མི་ལངས་པ་དང་སེམས་མི་སྐྱིད་ཚེ་གཉེན་ཉེ་གྲོགས་པོར་བཤད་དགོས། རང་གི་གཤིས་ཀ་དང་དགའ་ཕྱོགས་ལྟར་འོས་འཚམ་གྱིས་སྤྲོ་གསེང་གཏོང་བ་དང་། ནམ་ཡང་སྤྲོ་སེམས་ཆེ་བ་དང་སེམས་དཀྱེལ་ཡངས་པར་བྱས་ཏེ། རང་གིས་རང་ལ་ཡིད་ཆེས་སྦྱིན་དགོས། གཉིས། བཟའ་བཏུང་སྙོམ་སྒྲིག་བྱེད་དགོས། དར་ཡོལ་དུས་ཀྱི་བུད་མེད་ཀྱིས་བཟའ་བཏུང་གི་འཚོ་བཅུད་སྙོམ་སྒྲིག་བྱས་ཏེ་མཁལ་མཚེར་སྲུང་སྐྱོབ་བྱེད་དགོས། སྙོམ་སྒྲིག་འོས་འཚམ་བྱུང་ཚེ་ལུས་ཁམས་ཀྱི་བྱེད་ནུས་ཉོག་པ་རྩ་བ་ནས་འགོག་པ་དང་གསོ་བཅོས་བྱེད་ཐུབ། དར་ཡོལ་དུས་ཀྱི་བུད་མེད་ཀྱི་མཁལ་ནུས་ཉམས་ཡོད་པས། ཟླ་མཚན་ཐེངས་གྲངས་མང་ལ་ཁྲག་མང་པོ་འབབ་པར་མ་ཟད། འབབ་ཡུན་རིང་བས་རྒྱུན་དུ་ཁྲག་ཤེད་དམའ་བའི་སྣང་ཚུལ་འབྱུང་སྲིད། དེ་ལ་སྒོ་ང་དང་སྲོག་ཆགས་ཀྱི་ནང་ཁྲོལ། ཤ་སྣག འོ་མ་སོགས་ཀྱི་སྤྲི་དཀར་རྫས་མཐོ་བའི་ཟས་རིགས་སམ་ཚལ་སྣག་དང་སྣུམ་ཚལ། ལྡུམ་སྒོང་། ཁམ་བུ། ཚ་ལུ་མ་སོགས་དང་། ལོ་མ་ལྗང་ཁུ་ཅན་གྱི་སྔོ་ཚོད་དང་སིལ་ཏོག་ཟོས་ནས་ཁྲག་ཤེད་ཞན་པ་གསོ་བཅོས་བྱེད་དགོས། གསུམ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས། དར་ཡོལ་དུས་ཀྱི་བུད་མེད་ཀྱིས་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པར་མཉམ་འཇོག་དགོས་པ་དང་། ངལ་གསོ་བ་དང་གཉིད་ཡུན་ལ་ཁག་ཐེག་བྱེད་དགོས། གཉིད་ཡུན་རིང་དྲགས་ན་སྒྱིད་ལུག་ལུས་ཉོབ་ཀྱི་དབང་དུ་སོང་ནས་བདེ་ཐང་ལ་གནོད་སྲིད། གལ་ཏེ་ལུས་ཕུང་བདེ་ཐང་ཡིན་ན་རྒྱུན་ལྡན་གྱི་བྱ་བ་ཙག་ཙིག་བསྒྲུབ་པ་དང་། ཡང་ན་འགུལ་སྐྱོད་ཚབས་མི་ཆེ་བའི་ལུས་རྩལ་བྱ་འགུལ་ལ་ཞུགས་པ་དང་རང་གིས་བསྒྲུབ་ནུས་པའི་ལས་ཀ་ཙག་ཙིག་བསྒྲུབས་ཏེ་འཚོ་བ་སྙོམ་སྒྲིག་བྱེད་དགོས།