ཁེ་སྤོགས་བགོ་བའི་དུས་སུ་སླེབས་པ་ན། །
དམངས་རྣམས་དགའ་བའི་འཛུམ་རྒྱ་ལྷུག་པོར་གྲོལ། །
发布时间:2024年06月17日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

“ཐེངས་གཉིས་པར་ཁེ་སྤོགས་བགོས་པ་རེད། ང་ལ་སྒོར་མོ15000ཐེམས་བྱུང་། ཡང་ཁྱིམ་ཚང་ལ་ཡོང་སྒོ་ཡོད་སོང་བས། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ།” ད་ལོའི་ཆེས་གལ་ཆེ་བའི་ཡོང་སྒོ་དེ་བཤད་སྐབས། ཆོས་རྒྱས་སྡེ་བའི་སྡེ་མི་ལྷ་དཔལ་རྒྱལ་གྱི་གདོང་ལ་འཛུམ་གྱིས་ཁེངས་འདུག ཁོས་ཁོ་ཚང་གི་རྩྭ་ས་སྤྱི་ཆིང66.67དང་ལུག80མཉམ་ལས་ཁང་གི་མ་རྐང་དུ་བཞག་པ་དང་། ན་ནིང་ལོ་མཇུག་ཏུ་ཁེ་སྤོགས་ཐེངས་གཅིག་ལ་བགོས་ཟིན། ཁེ་སྤོགས་ཐེངས་གཉིས་པར་བགོ་རྒྱུ་ཡོད་པ་ཁོའི་ཡིད་ལའང་དྲན་མ་མྱོང་།

图片

ཁྱོན་རྒྱས་སྡེ་བའི་སྡེ་མིས་ཁེ་སྤོགས་ཐེངས་གཉིས་པ་ལེན་བཞིན་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་ཆོས་རྒྱས་སྡེ་བ་ནི་སྲོལ་རྒྱུན་གྱི་འབྲོག་སྡེ་ཞིག་ཡིན་པས། གཞི་རྒྱ་ཅན་གྱི་གསོ་སྤེལ་ར་བ་ཡོད་པ་ལས་གཞན་སྡེ་བའི་ནང་དུ་ཐོན་ལས་གཞན་པ་ཅི་ཡང་མེད་ལ། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ཡང་ཐབས་ལམ་གཞན་པ་མེད་པས། ཡོང་སྒོ་འཕར་དཀའ་བ་ནི་སྡེ་བའི“ཨུ་ལྷན་གཉིས”ཀྱིས་ཆེས་སེམས་ཁྲལ་བྱེད་སར་གྱུར་ཡོད།

2023ལོར། གསོ་སྤེལ་ར་བའི་སྲོལ་རྒྱུན་གྱི་ནོར་ལུག་འཚོང་སྟངས་དེ་འཁོར་ཡུན་རིང་བ་དང་ཁེ་ཕན་དམའ་བ། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཁ་དོག་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁྱོན་རྒྱས་ཞང་གིས་རྫོང་ཨུའི་ཞིང་ཕྱུགས་ལས་ཀྱི་བཅོས་བསྒྱུར་བྱ་བའི་བླང་བྱ་ལྟར། ཞིང་ཕྱུགས་ལས་ཀྱི་བཅོས་བསྒྱུར“ལྔ་ཅན”དང“གཉེར་སྐྱོང་བྱེད་སྟངས་ལྔ”ལ་བརྟེན་ནས། སྡེ་བ་སོ་སོས་རྣམ་པ་མང་པོའི་གཉེར་སྐྱོང་བྱེད་སྟངས་སྤེལ་བར་སྐུལ་མ་དང་ཁྲིད་སྟོན་བྱས།

ཆོས་རྒྱས་སྡེ་བའི“ཨུ་ལྷན་གཉིས”ཀྱིས་རྩ་འཛུགས་བྱས་ཏེ་སྡེ་དམངས་ཚོགས་ཆེན་འཚོགས་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་མཐར། ཆོས་རྒྱས་སྡེ་བའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ལོ་རེར་སྒོར་ཁྲི25ཡི་རིན་གོང་ལྟར་བྲག་ཐོ་ཁྲ་ལོག་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་གླས་ཏེ། ལོ་རེའི་གླ་ཆ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་གཏོང་བའི་ཐད་བཀོལ་རྒྱུ་ཐག་བཅད། 2023ལོའི་ཟླ4པར། མཉམ་ལས་ཁང་གིས་སྡེ་བའི་ཁྱིམ་ཚང13དང་། མ་མོ805། རྩྭ་ས་སྤྱི་ཆིང706.67ཧྲག་སྡེབ་བྱས་ཏེ་མ་རྐང་དུ་བཞག་པ་དང་། ཐེངས་དང་པོའི་ཁེ་སྤོགས་བགོ་བཤའ་ཡང་བརྒྱབ་པ་རེད། ཡིན་ནའང་། སྡེ་མི་ལ་ལས་མ་རྐང་བཞག་ན་ཡོང་སྒོ་མེད་པར་མ་ཟད། མ་རྩ་ཡང་རྡིབ་འགྲོ་བར་བསམ་སྟེ་མཉམ་ལས་ཁང་དུ་མ་ཞུགས་པར་གནས་ཚུལ་ཅི་འབྱུང་ལ་བལྟས་ནས་བསྡད།

ཟླ4པའི་ཚེས29ཉིན། ཁྱོན་རྒྱས་ཞང་ཆོས་རྒྱས་སྡེ་བའི་བྲག་ཐོ་ཁྲ་ལོག་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ནང་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་འདུག ཁེ་སྤོགས་བགོ་བའི་ཡུལ་དངོས་སུ་སྡེ་མི་རྣམས་ཀྱིས་ཕན་ཚུན་ལ་སོ་སོའི་ཁེ་ཕན་རེག་པའི་དགའ་སྤྲོ་མཉམ་རོལ་བྱེད་བཞིན་འདུག་ལ། མཉམ་ལས་ཁང་གི་ལས་བཟོ་པ་རྣམས་གོ་རིམ་ལྟར་ཕྲེང་བསྒྲིགས་ནས་མིང་རྟགས་བཀོད་ཅིང་མཛུབ་ཐེལ་མནན་རྗེས། མཉམ་ལས་ཁང་གི་འགན་ལེན་པས་བྱིན་པའི་ཁེ་སྤོགས་བླངས་པ་དང་། མཉམ་ལས་ཁང་གི་ལས་བཟོ་པ་རྣམས་ཀྱི་འཛུམ་རྒྱ་ལྷུག་པོར་གྲོལ།

“ན་ནིང་གི་ཟླ10པར། ངས་ཟི་ལིང་གི་ཤམ་བྷ་ལ་རུ་ནོར་ལུག་གི་ཤ་བཙོང་སའི་ཚོང་ཁང་ཞིག་ཐོ་འགོད་བྱས་ཏེ་གཉེར་སྐྱོང་བྱེད་རྒྱུ་ཐག་བཅད་པ་དང་། ‘ཐོན་སྐྱེད་དང་ཕྱིར་ཚོང་གཞི་གཅིག་ཅན’གྱི་རྣམ་པ་བརྒྱུད་དེ་མཉམ་ལས་ཁང་གི་ཡོང་སྒོ་ཇེ་མང་དུ་བཏང་། ད་ལྟའི་བར་དུ་ཚོང་གཉེར་ཡོང་འབབ་སྒོར་ཁྲི144ལ་སླེབས”ཞེས་བྲག་ཐོ་ཁྲ་ལོག་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་ཕག་མོ་རྡོ་རྗེས་དགའ་སྤྲོའི་ངང་དེ་ལྟར་བཤད། ཡོང་སྒོ་འཕར་རྗེས་ཁོ་ལ་རང་རྟོན་ཡོད་པ་དང་སྤོབས་པ་རྒྱས་པར་མ་ཟད། ད་དུང་སྡེ་མི་རྣམས་ལ་སྔར་ལས་མང་བའི་ཁེ་སྤོགས་ཐོབ།

“ད་ལྟ་སྡེ་བ་ལ་མཉམ་ལས་ཁང་ཡོད་པར་བརྟེན། སྡེ་བའི་ཏང་ཀྲི་པུའུ་ལ་སྒོར་མོ་ཡོད་པས་བྱ་བ་སྒྲུབ་པའི་ནུས་པ་ཇེ་མཐོར་སོང་བར་མ་ཟད། མང་ཚོགས་ཀྱི་ཡོང་འབབ་གནད་དོན་ཐད་ནས་ཀྱང་སྔོན་ཆད་དང་བསྡུར་ན་ཇེ་བཟང་དུ་སོང་ཡོད། ཐེངས་གཉིས་པའི་ཁེ་སྤོགས་བགོ་བཤའ་བརྒྱབ་རྗེས། མང་ཚོགས་མི་ཉུང་བ་ཞིག་གིས་སྡེ་བའི‘ཨུ་ལྷན་གཉིས’བཙལ་ཏེ། རང་ཁྱིམ་གྱི་རྩྭ་ས་དང་ཡང་ན་ནོར་ལུག་མཉམ་ལས་ཁང་ལ་མ་རྐང་དུ་འཇོག་རྩིས་ཡོད་ཚུལ་བསྟན། མང་ཚོགས་སྔར་ལས་མང་པོ་མཉམ་ལས་ཁང་དུ་ཞུགས་པས། གཞི་རྒྱ་ཇེ་ཆེར་སོང་བའི་སྡེ་བའི་འཕེལ་རྒྱས་སྔར་ལས་བཟང་བ་ཐག་གིས་ཆོད”ཅེས་ཁྱོན་རྒྱས་ཞང་སྲིད་གཞུང་གི་ཞང་ཀྲང་ཚེ་རིང་ཐར་གྱིས་དེ་ལྟར་བཤད། གྲོང་གསེབ་དར་སྤེལ་ནི་ཞིང་ལས་དར་བ་དང་ཞིང་གྲོང་མཛེས་པ། མང་ཚོགས་ཕྱུག་པ་བཅས་མངོན་འགྱུར་བྱེད་པའི་གནད་གཙོ་བོ་དེ་ཡིན་ལ། ཁྱོན་རྒྱས་ཞང་གིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ། ཆོས་རྒྱས་སྡེ་བའི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཚིགས་ཀྱི་ལས་གཞིའི་འཛུགས་སྐྲུན་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོར་འདེགས་གཏོང་རྒྱུ་དེ་རེད། །