ཁ་སྦུབ་སྙོམས་འདེགས་ལ་དུས་ཚོད་མ་འགྲན།
发布时间:2024年07月04日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཁ་སྦུབ་སྙོམས་འདེགས་ནི་ལུས་སྦྱོང་ལ་དགའ་བའི་མི་རྣམས་ཀྱི་གདམ་གསེས་ཆེ་ཤོས་ཤིག་ཡིན་པར་མ་ཟད། ཁོ་ཚོ་སྙོམས་འདེགས་ཀྱི་དུས་ཡུན་སུ་རིང་འགྲན་པར་ཤིན་ཏུ་དགའ་པོ་ཡོད། དོན་གྱིས་ཁ་སྦུབ་སྙོམས་འདེགས་ཀྱི་དུས་ཡུན་རིང་ན། ལྡོག་སྟེ་སྒལ་ཚིགས་ཀྱི་གནོན་ཤུགས་ཇེ་ལྕིར་འགྲོ་བར་མ་ཟད། ཐ་ན་སྒལ་ཚིགས་འབུར་བ་སོགས་ཀྱི་གནས་ཚུལ་ཡང་སློང་བར་བྱེད།

ཁ་སྦུབ་སྙོམས་འདེགས་ནི་འགུལ་སྐྱོད་མེད་པའི་ལུས་སྦྱོང་གི་རིགས་སུ་གཏོགས་ལ། ལུས་ཀྱི་ལྟེ་ཤུགས་སྦྱོང་བའི་རྨང་གཞིའི་ཐབས་ཤིག་ཀྱང་ཡིན། དེ་ལས་གསུས་ཀྱི་ཤ་གནད་ཐམས་ཅད་དང་རྐུབ་ཤ་ལ་སྦྱོང་བརྡར་ངེས་ཅན་ཞིག་ཐོབ་པ་ཡིན། ཤ་གནད་དེ་དག་ཇེ་གྲིམ་དུ་གྱུར་རྗེས། ལུས་ཀྱི་འགུལ་སྐྱོད་ལ་ལྡེམ་མྱུར་གྱི་ཆ་རྫོགས་པར་འགྱུར་ལ། ལུས་རྩལ་གྱི་རིགས་གང་ལ་འཇུག་ཀྱང་བདེ་བོ་ཡོད་པ་རེད།

ཡིན་ནའང་། ཁ་སྦུབ་སྙོམས་འདེགས་ཀྱི་དུས་ཡུན་ཇི་ལྟར་རིང་ན། དེ་ལྟར་ལུས་ཀྱི་སྟངས་སྟབས་འགྱུར་སླ་བས། ལུས་སྦྱོང་གི་ཕན་ནུས་མི་ཐོན་པར་མ་ཟད། ལུས་ལ་གནོད་འཚེའང་བཟོ་ཉེན་ཆེ། དཔེར་ན་རྐུབ་ཤའི་འདེགས་འཇོག་དང་། ལག་པའི་གྲུ་ཁུགས་དྲང་ཟུར་དུ་མི་ཁྱོགས་པས། མགོ་བོ་དགྱེ་དགོས་པ་དང་སྒུར་དགོས་པ། ལུས་པོ་མི་དྲང་བར་གསེག་འགྲོ་བ་སོགས་འབྱུང་ལ། དེ་དག་གིས་སྐེ་ཚིགས་དང་སྒལ་ཚིགས་ལ་རྨས་སྐྱོན་བཟོ་བར་ཡང་འགྱུར། དེ་བས་ནམ་རྒྱུན་ལུས་རྩལ་སྦྱོང་བའི་ཚེ་ན་དུས་ཚོད་ཇེ་ཐུང་དང་སྦྱོང་ཐེངས་ཇེ་མང་དུ་གཏོང་རྒྱུ་གལ་ཆེ། ཁ་སྦུབ་སྙོམས་འདེགས་ཀྱི་དམིགས་ཡུལ་ནི་མི་མང་པོ་ཞིག་ལ་མཚོན་ན་ཚོ་སྦྱོང་བའི་ཆེད་དུ་ཡིན་མོད། དལ་རྒྱུགས་དང་མགྱོགས་བགྲོད་སོགས་དབྱང་ལྡན་འགུལ་སྐྱོད་དང་བསྡུར་ན། ཁ་སྦུབ་སྙོམས་འདེགས་ཀྱི་ནུས་དྲོ་ཟད་ཚད་ཤིན་ཏུ་ཆུང་བ་མངོན་གསལ་རེད། དེ་བས་ཚོ་སྦྱོང་བ་ལ་དེ་ནི་གཞོགས་འདེགས་ཙམ་ལས་བྱེད་ཐབས་གཙོ་བོ་རུ་མི་རུང་།

ལོ16ནས50བར་གྱི་མི་ལ་ཁ་སྦུབ་སྙོམས་འདེགས་ཀྱི་ལུས་སྦྱོང་དེ་འོས་ཤིང་འཚམ། གལ་ཏེ་ལོ50ལས་བརྒལ་ན་ཁ་སྦུབ་སྙོམས་འདེགས་ཀྱི་ལུས་སྦྱོང་མ་བསྟེན་ན་བཟང་། དེའི་རྒྱུ་མཚན་ནི་ལུས་སྦྱོང་དེ་བསྟེན་པའི་གོ་རིམ་ཁྲོད་དབུགས་གཏོང་ལེན་བསྲན་དགོས་པས། ཁྲག་རྩ་ལ་གནོན་ཤུགས་ཐེབས་པ་ཡིན། དེ་མིན་ལུས་སྦྱོང་དེ་སྦྲུམ་མ་ལ་ལྷག་པར་མི་འཚམ། ཕྲུ་གུ་བཙས་ནས་ཉིན42འགོར་ན། རིམ་བཞིན་ཁ་སྦུབ་སྙོམས་འདེགས་ཀྱི་ལུས་སྦྱོང་དེ་བསྟེན་ཆོག་སྟེ། མངལ་རྟིང་གི་ཤ་གནད་སླར་གསོ་དང་བུ་སྣོད་མི་ལུག་པར་ཕན་པ་ཆེ།

འདིར་མཉམ་འཇོག་དགོས་པ་ཞིག་ལ། ཁ་སྦུབ་སྙོམས་འདེགས་ཀྱི་གནད་འགག་ནི་ལུས་ཀྱི་སྟངས་སྟབས་ཚད་ལྡན་ཡིན་དགོས་པ་དང་ལུས་སྦྱོང་གོ་རིམ་དང་ལྡན་པར་བསྟེན་དགོས་པ་དེ་ཡིན། ཁ་སྦུབ་སྙོམས་འདེགས་ཀྱི་སྐབས་སུ་ལུས་པོ་མི་ཁྱོགས་པའི་གནས་ཚུལ་བྱུང་ན་དེ་མ་ཐག་མཚམས་འཇོག་པ་ལས་ཨུ་ཚུགས་མཐར་སྐྱེལ་བྱེད་མི་རུང་། དེ་ཡང་ལུས་པོ་བདེ་ཐང་གི་སྐབས་སུ་ལུས་ཀྱི་སྟངས་སྟབས་ཚད་ལྡན་གྱི་ངང་ནས། སྐར་ཆ30ནས60ཙམ་ལ་ཐེངས་རེ་བསྟེན་པ་དང་། བར་མཚམས་ནས་སྐར་ཆ30ལ་ངལ་གསོ་དགོས། དེ་ལྟར་ཉིན་རེར་ཐེངས4ནས6ཙམ་ལ་སྦྱོང་བརྡར་བྱས་ན་ལུས་སྦྱོང་གི་དམིགས་ཚད་འགྲུབ་པ་ཡིན། །