གྲོང་ཁྱེར་ནས་ཕ་ཡུལ་རྩྭ་ཐང་དྲན་པ།
ཀུན་བཟང་མགོན་པོ། 1996ལོར་ཧོ་ནན་རྫོང་ཐུ་མེད་ཐོར་གོད་ཚོ་བར་སྐྱེས། ཆུང་དུས་ནས་རི་མོ་འབྲི་བ་དང་གློག་བརྙན་ལ་བལྟ་བར་ཤིན་ཏུ་དགའ། བྱིས་པའི་དུས་སུ་ཉི་ཧོང་གི་འགུལ་རིས་གློག་བརྙན་པ་གྲགས་ཅན་ཧ་ཡོ་མེས་ཡ་རྫ་ཁེའི་འགུལ་རིས་གློག་བརྙན་གྱིས་ཡིད་དབང་རབ་ཏུ་ཕྲོགས་ཤིང་། དེའི་བག་ཆགས་དང་ཤུགས་རྐྱེན་འོག་རང་སྦྱོང་གིས་རི་མོ་འབྲི་མགོ་བརྩམས། རྗེས་སུ་སློབ་གྲྭ་འགྲིམ་པའི་བརྒྱུད་རིམ་ཁྲོད་ཆེད་ལས་ཀྱི་རི་མོ་སྦྱོང་བའི་སྐལ་བ་མ་ལྡན་པར་ཆུང་དུས་ཀྱི་དགའ་ཕྱོགས་དང་རྒྱང་ཐག་རིང་དུ་གྱེས། ད་ལྟ་ཟི་ལིང་གྲོང་ཁྱེར་དུ་ཉེན་རྟོག་པའི་ལས་ཀར་ཞུགས་ཡོད་ལ། ལས་ཞོར་དུ་རི་མོ་འབྲི་བའི་དགའ་ཕྱོགས་ལ་ཡང་བསྐྱར་འཐམས་པ་ན། ཚན་རྩལ་ཡར་རྒྱས་སུ་ཕྱིན་ཏེ་ངོས་སྙོམས་གློག་ཀླད་དང་ཁ་པར་བཀོལ་ནས་འཕྲུལ་རིས་འབྲི་བའི་དུས་ལ་སླེབས་འདུག་པས་གཞོན་པ་བདག་ཀྱང་དེ་ལ་མོས་པ་རབ་ཏུ་བརྟས། དེ་ལྟ་ན་ཡང་གྲོང་ཁྱེར་གྱི་རྣོ་ལྕགས་དང་ཨར་འདམ་ཁྲོད་ནས་རྒྱང་རིང་གི་ཕ་ཡུལ་རྩྭ་ཐང་དྲན་པ་ནི་བདག་གི་བརྗོད་བྱ་ཉག་གཅིག་ཏུ་གྱུར་ཡོད།