རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་དཔྱད་འདེམ་པ་ངོ་སྤྲོད།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


མཚོ་སྔོན་གཅན་ཚ་རྫོང་ཀླེ་ཆེན་སྡེ་བར་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། བརྩམས་ཆོས་རེ་འགའ་ཕྱི་གླིང་གི་ཡི་གེར་བསྒྱུར་ནས་བཀྲམ་ཡོད། སྙན་ངག《བཀྲ་ཤིས་རྟགས་བརྒྱད་དང་སྦྱར་བའི་བསྔགས་ཚིག》ལ《སྦྲང་ཆར》གྱི་ཕུལ་བྱུང་རྩོམ་ཡིག་བྱ་དགའ་ཨང་གསུམ་པ་དང་། བརྩམས་སྒྲུང《གཞིས་བྱེས་ལྷན་འཛོམས》ལ《སྦྲང་ཆར》རྩོམ་སྒྲིག་པུས་བསྡུས་པའི“མི་རིགས་མཐུན་སྒྲིལ་དང་ཡར་ཐོན”གྱི་བྱ་དགའ་ཨང་དང་པོ། དཔྱད་རྩོམ《སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་བཀླགས་པའི་མྱོང་ཚོར》ལ་སྐབས་བརྒྱད་པའི“སྦྲང་ཆར་དཔྱད་བརྗོད་བྱ་དགའ”བཅས་ཐོབ་མྱོང་ཞིང་། བརྩམས་དེབ་ཏུ་ལོ་རྒྱུས་སྒྲུང་རིང《གངས་ཅན་བོད་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག》དང《དུར་ཐང》《རྩོམ་ལ་འཇུག་པའི་སྒོ》སོགས་ཡོད། གཞན་ཡང་ཨའེ་ལུན•ཕུའི་བརྩམས་སྒྲུང་ཕྱོགས་བསྒྲིགས《བྱི་ལ་ནག་པོ》དང་། ཞུས་ཀྲུང་ལིན་གྱི《ལྷ་རུ་བསྐོས་པའི་སྒྲུང》སོགས་ཀྱིས་མཚོན་པའི་རྒྱབ་ཁབ་ཕྱི་ནང་གི་གྲགས་རྩོམ་དེབ་འགའ་ཡང་བོད་ཡིག་ཏུ་བསྒྱུར་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།


མདོ་སྨད་ཁྲི་ཀ་རྫོང་འཕྲང་དམར་དམེ་རྒྱ་གྲོང་ཚོར་སྐྱེས། མིའི་རིགས་རིག་པའི་འབུམ་རམས་པ། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་དུ་ཞིབ་འཇུག་གི་ལས་ཀ་གཉེར་བཞིན་ཡོད། ཁོང་གིས་སྔ་རྗེས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དེབ་བཅུ་ཐམ་པ་བརྩམས་པའམ་བསྒྱུར་ནས་པར་དུ་བསྐྲུན་ཡོད་ཅིང་། གྲུབ་འབྲས་དེ་དག་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐེངས་ལྔ་དང་། ཀྲུང་གོའི་མི་རིགས་རྩོམ་རིག་བྱ་དགའ། དེ་མིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྟ་མཆོག་རྩོམ་རིག་བྱ་དགའ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་བྱ་དགའ་རྩེ་གྲས་ཏེ་ཇོ་མོ་གླང་མའི་གཙུག་རྒྱན་གྱི་བྱ་དགའ་ཐེངས་བཞི་བཅས་ཐོབ་མྱོང་། ཁོང་གི་བརྩམས་ཆོས་དག་ལས་སྒྲུང་ཐུང་ཕྱོགས་བསྒྲིགས《ལམ་གྱི་ཉི་འོད》 དང་སྒྲུང་རིང《བོད་ཀྱི་གཅེས་ཕྲུག》གཉིས་རྒྱ་ཡིག་ཏུ་བསྒྱུར་ཏེ་པར་དུ་བསྐྲུན་ཡོད་པ་དང་། སྒྲུང་རིང《བོད་ཀྱི་གཅེས་ཕྲུག》ད་དུང་ཉི་ཧོང་གི་སྐད་དང་ཧྥ་རན་སིའི་སྐད་དུ་བསྒྱུར་ཏེ་པར་དུ་བསྐྲུན་པའམ་སྐྲུན་འགྱུར་ཡོད། གཞན་སྒྲུང་ཐུང་དང་ལྷུག་རྩོམ་ཁག་ཅིག་དབྱིན་ཡིག་ཏུ་བསྒྱུར་ཡོད།

མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཆོས་རྗེ་ཐང་དུ་སྐྱེས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། མིའི་རིགས་རིག་པའི་འབུམ་རམས་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ཤེས་ལྡན་མི་སྣ་དང་མཚོ་སྔོན་ཞིང་ཆེན་ཁུ་ནུའི་མཛངས་མི་མཐོ་རིམ་གསར་གཏོད་མི་སྣའི་སྣེ་ཁྲིད་ཤེས་ལྡན་པ་སོགས་ཡིན། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེ་གཞོན། མཚོ་སྔོན་ཞིང་ཆེན་ཆོས་ལུགས་འབྲེལ་བའི་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་བསྐོས་ཞིབ་འཇུག་པ། ཀྲུང་གོ་མིའི་རིགས་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པའི་ཁོངས་མི་སོགས་ཀྱི་འགན་ཁུར་ཡོད། སྔ་ཕྱིར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་འགྲིམས་ཏེ་ཤེས་རམས་པ་དང་འབུམ་རམས་པའི་བསླབ་གནས་བླངས། སྤྱི་ལོ2005ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་མི་རིགས་ཆོས་ལུགས་ཞིབ་འཇུག་དང་ཡིག་རྙིང་དག་སྒྲིག་སྐོར་གྱི་ལས་ཀ་གཉེར། སྤྱི་ལོ2019ལོར་མཚོ་སྔོན་དགེ་འོས་སློབ་ཆེན་དུ་ལས་གནས་སྤར་ནས་སློབ་ཁྲིད་དང་ཞིབ་འཇུག་གི་ལས་ཀར་ཞུགས་ཏེ། བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་རིག་གནས་མིའི་རིགས་རིག་པ། རྩོམ་རིག་མིའི་རིགས་རིག་པ་སོགས་སློབ་ཁྲིད་བྱས། ཁོས་སློབ་ཁྲིད་ཀྱི་ཞོར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་རིག་གཞུང་དཔྱད་རྩོམ་ལྔ་བཅུ་ཉེ་བ་སྤེལ། དེ་ལས《ཤོ་བའི་རིགས་ཁུངས་ལ་དཔྱད་པའི་གཏམ》ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་བྱ་དགའ་ཨང་གཉིས་པ་ཐོབ། བརྩམས་ཆོས《སྲིད་པའི་ཆོས་འབྱུང》《དགོན་ལུང་ཡུལ་གྱི་ཆོས་ལུགས་རིག་གནས་སྤྱི་བཤད》《བོད་དང་ཉི་ཧོང་གི་སྐད་ལ་དཔྱད་པ》《དགོན་ལུང་གདན་རབས་བསྒྱུར་འགྲེལ་དང་དགོན་ལུང་ཡུལ་གྱི་རིག་གནས་ཞིབ་འཇུག་སྐོར》(རྒྱ་ཡིག)《རྒྱས་འཕྲིན་གསར་འགྱུར་གྱི་རྣམ་གཞག》《གནའ་བོའི་ཨེ་ཅིབ་ཀྱི་ལོ་རྒྱུས་དང་ཤེས་རིག》བཅས་ཆེད་དེབ་ལྔ་དང་སྒྱུར་དེབ་གཉིས་པར་དུ་བསྐྲུན། དེ་ལས《སྲིད་པའི་ཆོས་འབྱུང》ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་ཚན་རིག་ཞིབ་འཇུག་དཔྱད་འབྲས་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་བསྒྲུབས་པའི་ཡུལ་དངོས་རྟོག་དཔྱོད་དུ་ཞུགས་ཏེ་རིག་གཞུང་སྙན་ཞུ་ཉེར་གཉིས་ལྷག་བྲིས་ཤིང་། དེ་ལས《དེང་རབས་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལམ་ལུགས་ཞིབ་འཇུག》ལ་མཚོ་སྔོན་གྱི་མི་རིགས་ཆོས་ལུགས་ཞིབ་འཇུག་ལས་གཞིའི་བྱ་དགའ་ཨང་གསུམ་པ་ཐོབ། ཁོས་སྔ་ཕྱིར《ཐུའུ་བཀྭན་ཆོས་ཀྱི་ཉི་མའི་དགོན་ལུང་གདན་རབས་ལོ་ཙཱ་དང་ཞིབ་འཇུག་གི་སྐོར》སོགས་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་གཉིས་དང་ཞིང་ཆེན་རིམ་པའི་ལས་གཞི་བཞི་ཙམ་བསྒྲུབས། དེ་ལས“《ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ཆེན་མོ》རྩོམ་སྒྲིག་གམ་དགོན་སྡེའི་གདན་རབས་ཡིག་ཚང་དག་སྒྲིག་དང་ཞིབ་འཇུག”ཅེས་པ་ནི་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཐད་ཀྱི་གནད་ཆེན་ལས་གཞིའི་གྲས་སུ་གཏོགས་ཤིང་། དེ་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་རྒྱལ་ཁབ་རིམ་པའི་གནད་ཆེན་ལས་གཞི་ཐོག་མ་ཡིན།

མདོ་སྨད་ཧེ་རུ་ཀ རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་དང་རིག་གཞུང་སྣེ་ཁྲིད་པ། ཀན་སུའུ་ཞིང་ཆེན་ན་གཞོན་མཁའ་རྩེན་ཤེས་ཡོན་པ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བཅས་ཡིན། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》《ཟླ་ཟེར》《གངས་རྒྱན་མེ་ཏོག》《མཚོ་སྔོན་བོད་ཡིག་གསར་འགྱུར》གཙོ་བྱས་བོད་ཁུལ་དུས་དེབ་དང་ཚགས་པར་སྟེང་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། དཔྱད་བརྗོད་སོགས་རེ་འགའ་སྤེལ་མྱོང་། སྔ་ཕྱིར། རྒྱལ་ཡོངས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་དང་། རྒྱལ་ཡོངས་སྐབས་དང་པོའི་ཨེ་པ་ཚང་རྩོམ་རིག་བྱ་དགའ། གངས་རྩེ་རྟགས་མའི་རྩོམ་རིག་བྱ་དགའ་སོགས་ཐོབ། ལས་ཞོར་དུ། ཨ་མདོ་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་མཛད་པའི་འཆད་ཁྲིད་མུན་སེལ་སྒྲོན་མེ་ལས《བོད་ཀྱི་ཡུལ་ཁམས་རིག་གནས་དང་རྩོམ་རིག》《བརྩམས་སྒྲུང་ར་ལོའི་ནང་སེམས་ཀྱི་འཇིག་རྟེན་ལ་གསར་དུ་དཔྱད་པ》དང་། ཀན་ལྷོ་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་མཛད་པའི་སྲིད་པའི་མཛོད་ཕུགས་ལེ་ཚན་ལས《བོད་ཀྱི་རི་ཆུའི་རིག་གནས་དང་མི་ཇུས་བསམ་བློ》སོགས་འཆད་ཁྲིད་བྱས་མྱོང་།

མཚོ་སྔོན་རེབ་གོང་གི་མི། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དངོས་གཞི་དང་། ཤེས་རམས་པ། འབུམ་རམས་པ་བཅས་ཀྱི་བསླབ་གནས་བླངས་ཤིང་། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ཡིན། ད་ལྟའི་ཆར《རུས་མིང་གི་སྦ་གསང་དང་བྱུང་རིམ་སྦས་མ། —སྒྲུང་རིང<གཙུག་གཡུ>ཡི་མི་སྣ་དང་མི་སྣའི་འབྲེལ་བ་ལ་དཔྱད་པ》《ཡིད་རྟོན་མེད་པའི་རྗོད་པ་པོ་དམིགས་སུ་བཟུང་ནས<ར་ལོ>ཡི་མི་སྣ་གཙོ་བོ་སུ་ཡིན་ལ་དཔྱད་པ》 《བོད་ཀྱི་དེང་རབས་རིང་ལུགས་ཀྱི་སྒྲུང་གཏམ་ཐོག་མ<རྐང་ལམ་ཕྲ་མོ>ཡི་སྤྲོས་བརྗོད་སྒྱུ་རྩལ་དང་དེའི་ཁྲོད་ཀྱི་རྒྱུ་གཉིས་སྤང་འགལ་གྱི་བསམ་བློར་དཔྱད་པ》《ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང<ཝ་ནག་ལུང་བ>ཡི་བཀོད་པའི་དཔྱད་བརྗོད》《བོད་ཀྱི་དེང་རབས་སྒྲུང་གཏམ་ཁྲོད་ཀྱི་དངོས་པོའི་དོན་བརྗོད་ཀྱི་མཛེས་དཔྱོད་དོན་སྙིང་དང་ཁྱད་ཆོས་ཞིབ་འཇུག》སོགས་དཔྱད་བརྗོད་རྩོམ་ཡིག་རེ་འགའ་རྒྱལ་ནང་གི་དུས་དེབ་ཁག་ཏུ་སྤེལ་མྱོང་།