ཐོག་གི་གནོད་པར་གཡོལ་ཐབས་ཀྱི་རྒྱུན་ཤེས།
发布时间:2024年08月26日 消息来源:

图片




དབྱར་ཁའི་དུས་ཚིགས་འདི་ལ་གློག་དམར་འཁྱུགས་ཏེ་ཆར་ཤ་ཆེན་པོ་འབབ་གྲངས་ཧ་ཅང་མང་། ལྷག་པར་དུ་ང་ཚོ་མཐོ་སྒང་གི་ཡུལ་འདིར་དབྱར་ཁའི་དུས་ལ་ཉི་མ་རིང་བ་དང་གནམ་གཤིས་དྲོ་གྲང་རན་པ་སོགས་ཀྱི་དབང་གིས་མི་རྣམས་ཀྱིས་ཕྱི་རོལ་ནས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་དུས་ཚོད་ཡང་ལྟོས་བཅས་ཀྱིས་རིང་བ་རེད། དེའི་སྟབས་ཀྱིས་དབྱར་ཁའི་དུས་ལ་མི་ཕྱུགས་གཉིས་ལ་ཐོག་གི་གནོད་པ་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ། གཤམ་དུ་ཐོག་གི་གནོད་པར་གཡོལ་ཐབས་ཀྱི་རྩ་བའི་རྒྱུན་ཤེས་སྐོར་ཞིག་བཀོད་ཡོད་པར་ཀུན་གྱིས་དོ་སྣང་ཡོད་པར་ཞུ།

图片

གཅིག འབྲུག་གྲགས་པ་དང་གློག་དམར་འཁྱུགས་ཏེ་ཆར་ཤ་ཆེན་པོ་ཡོང་བའི་སྐབས་སུ། མྱུར་དུ་ཁྱིམ་ལ་འཛུལ་ནས། སྒོ་དང་སྒེའུ་ཁུང་རྒྱག་པ་དང་ཁྱིམ་གྱི་གློག་ཁུངས་བརྒྱབ་ནས་འདུག་རྒྱུ་ནི། ཐོག་གི་གནོད་པར་གཡོལ་བའི་ཆེས་བདེ་འཇགས་ཀྱི་ཐབས་ཤེས་དང་པོ་ཡིན།

གཉིས། གལ་ཏེ་ཁྱེད་རང་ཕྱི་ལོག་གམ་ཡང་ན་ལམ་སྐབས་སུ་ཡོད་ན། ཐོག་མར་རང་གི་ཁ་པར་གྱི་གློག་སྒོ་མྱུར་དུ་རྒྱག་དགོས་ལ། ཆ་རྐྱེན་འཛོམས་ན་འགྱིག་ཤོག་ཁུག་མའི་ནང་ལ་བཅུག་ན་བཟང་ཞིང་། དེ་ནས་ཁྱེད་རང་གི་ལུས་སྟེང་དུ་ལྕགས་རིགས་འདྲེས་པའི་རྒྱན་ཆ་དང་ཡོ་བྱད་སོགས་ཡོད་ན། འགྱིག་ཁུག་ལ་བཅུག་ནས་བདག་བྱེད་པའམ་ཡང་ན་རང་ཉིད་དང་ཐག་རིང་སར་འཕེན་དགོས།

གསུམ། མྱུར་དུ་བདེ་འཇགས་ཡིན་ས་ཞིག་བཙལ་ནས། ལུས་པོ་དམའ་མོ་བྱས་ནས་ཙོག་པུར་འདུག་དགོས་ལ། གློག་སྡོང་དང་དར་ཤིང་། ཤིང་སྡོང་ཁེར་སྐྱེས། ལྕགས་དྲ་སོགས་དང་ལྕགས་རིགས་འདྲེས་པའི་དངོས་པོ་ཆེན་པོའི་ཉེ་འགྲམ་ནས་འདུག་མི་རུང་།

བཞི། རླངས་འཁོར་ལ་ཐོག་འགོག་གི་ནུས་པ་ཡོད་པས་རླངས་འཁོར་ནང་བསྡད་ན་བདེ་འཇགས་ཡིན་མོད། འོན་ཀྱང་རླངས་འཁོར་འགྲོ་མཚམས་བཞག་ནས་རླངས་འཁོར་འདུག་ཆོག་སའི་བདེ་འཇགས་ཀྱི་གནས་སུ་བསྡད་རྗེས་རླངས་འཁོར་གྱི་གློག་སྒོ་རྒྱག་རྒྱུ་གལ་ཆེའོ། །