སོ་པའི་ལས་འགན་ཁུར། །སྔོ་ལྗང་རི་ཆུ་བསྲུངས། །
发布时间:2024年09月03日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

སོ་པའི་ལས་འགན་ཁུར། །སྔོ་ལྗང་རི་ཆུ་བསྲུངས། །
མཚོ་སྔོན་པོ་ནི་འཛམ་གླིང་མཐོ་སྒང་སྐམ་སའི་དབུས་ཁུལ་གྱི་མཚེའུ་དང་བརླན་སའི་རིགས་ཀྱི་དཔེ་མཚོན་ཡིན་པས། རྒྱལ་ཡོངས་དང་ཐ་ན་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་གནས་སྟངས་ཁྲོད་ཀྱི་གལ་ཆེན་རང་བཞིན་ནི་སྨྲ་མི་དགོས་པ་ཞིག་རེད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་འགན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང“དོ་དམ་ཅུས—དོ་དམ་ཡན་ལག་ཅུས—སྲུང་སྐྱོབ་ས་ཚིགས”ཀྱི་དོ་དམ་མ་ལག་ཐོག་མར་བཙུགས་པ་དང་། ཅང་ཤེས་ཁུག་དང་རྟ་ནག་མ། ལྷ་ཆབ་ཁུག མཚོ་ཆུང་། དཔལ་དགེ་དང་བྱེ་གླིང་སོགས་སྲུང་སྐྱོབ་ས་ཚིགས6པོ་ནི། “རྒྱང་གཟིགས་སྟེགས་བུ”རེ་རེ་དང་འདྲ་བར། མཚོ་སྔོན་པོ་བསྐོར་ཏེ། མཚོ་སྔོན་པོར་ལྟ་སྲུང་བྱས་ཡོད།སྐྱེ་དངོས་ཐམས་ཅད་བརྩེ་བས་ལྟ་སྲུང་བྱས་ཤིང་། སྲུང་སྐྱོབ་ས་ཚིགས་རེ་རེའི་དོ་དམ་སྲུང་སྐྱོབ་ས་ཁོངས་མི་འདྲ་ཡང་། ཚང་མ་སྐོར་སྲུང་ས་ཁོངས་ནང་གི་སྐྱེ་ཁམས་ཀྱི་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོ་ཚོ་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི“གཡུལ་ས་དང་པོའི་སོ་པ”ཡིན་ཞིང་། གོང་ནས་འོག་ཏུ་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐད་ཀར་སྐུལ་འདེད་གཏོང་བའི་ཁྲོད་གནད་འགག་གི་ནུས་པ་འདོན་བཞིན་ཡོད། གདུགས་དཀར་ཚེ་རིང་དང་པད་མ་འཚོ་གཉིས་ནི་བཟའ་ཟླ་ཡིན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྟ་ནག་མ་གྲོང་རྡལ་བུམ་པ་སྡེ་བའི་རེད། ད་སྐབས་རྟ་ནག་མ་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཡོད། ཁོ་ཚོས་འགན་ཁུར་བའི་སྐོར་སྲུང་ས་ཁོངས་ནང་ཆུ་བོ13ཡོད་ལ། ཤྭ་བ་དང་སྦྲེ་སོགས་རི་སྐྱེས་སྲོག་ཆགས་ཀྱང་ཡོད་པས་ས་ཆ་མང་པོ་ཞིག་ཏུ་ཐ་ན་རླངས་འཁོར་ཡང་སླེབས་མི་ཐུབ།
སྨྲ་བ་ལ་དེ་འདྲ་མི་མཁས་པའི་གདུགས་དཀར་ཚེ་རིང་གིས་སྐད་ཆ་ཅི་ཞིག་བཤད་ཀྱང་ལས་ཀའི་ཕྱོགས་དང་འབྲེལ་ཡོད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་བསྟུན་ནས། གདུགས་དཀར་ཚེ་རིང་སྐྱེ་ཁམས་བདག་སྐྱོང་པར་གྱུར་པ་དང་། རི་དང་ཆུ་བོ་བརྒལ་ཞིང་ལ་དང་ལུང་པ་བརྒྱུད་དགོས་པས། སྐོར་སྲུང་བྱ་བར་ཧ་ཅང་དཀའ་ཚེགས་ཆེ་ནའང་། ཁོས་བསམ་པར་དེ་ནི་བསྒྲུབ་འོས་པ་ཞིག་ཏུ་འདོད་བཞིན་ཡོད། མཚོ་སྔོན་པོར་ལྟ་སྲུང་བྱེད་པ་དང་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཁོས་སྤོབས་པ་སྐྱེ་འོས་པའི་བྱ་བ་ཞིག་ཏུ་བརྩིས་ཡོད།སྐྱེ་ཁམས་བདག་སྐྱོང་པ་ནི་གཞི་རིམ་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས“འཐབ་ཕྱོགས་དང་པོའི་སོ་པ”ཡི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་འགན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། ས་གནས་དེ་གའི་མང་ཚོགས་རྣམས་སྐྱེ་ཁམས་ཁོར་སྲུང་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པར་མ་ཟད་བསྡུ་ལེན་ཡང་བྱས། འབྲོག་པ་སྔར་ལས་མང་པོ་ཞིག་དེ་སྔའི་རྩྭ་ཐང་བེད་སྤྱོད་མཁན་ནས་སྲུང་སྐྱོབ་མཁན་དུ་གྱུར་པ་དང་། དུས་མཚུངས་སུ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་ཁེ་རེག་མཁན་དང་དྲིལ་སྒྲོག་པར་ཡང་གྱུར་ཡོད་ལ། དེའི་ཁྲོད་ནས་ཟླ་ཕོགས་དང་ཡོང་སྒོ་བརྟན་པོ་ཡོད།གདུགས་དཀར་ཚེ་རིང་ཁྱོ་ཤུག་གཉིས་ཀྱི་རྗེས་སུ་འབྲངས་ནས་རྟ་ནག་མའི་ལབ་ཙེའི་མཛེས་ལྗོངས་ཁུལ་དུ་སྐོར་ཞིབ་བྱས་པ་དང་། མཚོ་སྔོན་པོའི་མཚོ་ཆུ་སྲབ་སར་གསེར་ཉ་བག་ཕེབས་ངང་ཕར་རྐྱལ་ཚུར་རྐྱལ་བྱེད་བཞིན་ཡོད་པ་དང་། ཉེ་སར་བཅར་བའི་ཡུལ་སྐོར་པས་སྐད་དམའ་མོ་དང་ལྷིང་འཇགས་ངང་མཚོ་ཁའི་ཉ་ལ་ལྟ་བཞིན་ཡོད་ལ། ཁོ་ཚོའི་བྱ་སྤྱོད་ཕྲ་མོ་རེ་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་བསྡུས་རིས་ཤིག་ཏུ་གྱུར་ཡོད། མི་སྔར་ལས་མང་པོ་ཞིག་བྱེད་ཐབས་མི་འདྲ་བའི་ཐོག་ནས་དེའི་ནང་ཞུགས་སྐབས་སྐྱེ་ཁམས་སྲུང་སྐྱོབ་དམིགས་སར་བྱས་པའི་བྱ་སྤྱོད་མཐའ་དག་ལ་དོན་སྙིང་ལྡན་པར་གྱུར།སྲུང་སྐྱོབ་ས་ཚིགས་འཛུགས་རྒྱུ་དེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ངོས་ནས་བརྗོད་ན་དོ་དམ་སྒྲིག་སྲོལ་གྱི་བཅོས་བསྒྱུར་ཞིག་ཡིན་རུང་། ཆུང་ས་ནས་བལྟས་ན་མཚོ་སྔོན་པོའི་གཡུ་ཡི་རླབས་ཕྲེང་ལ་འཇགས་པ་མེད་པར་སྲུང་སྐྱོབ་བྱེད་པའི་གཟབ་ནན་གྱི་བྱ་སྤྱོད་ཅིག་རེད།རྡོ་རྗེ་མཚོ་མོ་ནི་ལྷ་ཆབ་ཁུག་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པ་དང་ལྷ་ཆབ་ཁུག་བརླན་སའི་དཀར་ལྷའི་ས་ཁོངས་སུ། རྒྱང་ཤེལ་ལ་བརྟེན་ནས་མཚོ་ངོས་སུ་བྱ་ཕྲུག་གསོ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་གཉིས་ལ་ལྟ་ཞིབ་བྱེད་བཞིན་ཡོད་ལ། མོས་ད་ལོར་ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོབ་པ་དང་མཉམ་དུ་ཁྲུང་ཁྲུང་སྐེ་ནག་ལ་ཚང་བཟོས་པ་དང་ཚང་ལ་ཞིག་གསོ་བྱས་པའི་རྣམ་པར་ཕྱིན་དྲན་བྱེད་ཀྱིན་ཡོད།ཟླ4པ་ནས་ཟླ5པའི་བར། ཁྲུང་ཁྲུང་སྐེ་ནག་ལ་ཚང་བཟོ་བའི་ནང་དངོས་སུ་ཞུགས་པ་དང་། རྡོ་རྗེ་མཚོ་མོའི་བསམ་པར་སྐྱེ་ཁམས་བདག་སྐྱོང་པར་གྱུར་ནས་ལོ་གཅིག་ཙམ་སོང་མོད། དེ་ནི་སྲུང་སྐྱོབ་ལས་དོན་ནང་དངོས་སུ་ཞུགས་ཐེངས་དང་པོ་རེད།རྡོ་རྗེ་མཚོ་མོ་ནི་སྤྲེལ་ནག་གྲོང་རྡལ་ཐེབ་རྒྱ་སྡེ་བ་ནས་ཡོང་བ་ཡིན་པ་དང་། སློབ་ཆེན་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་ཡོད། དང་ཐོག་ཚོད་ལྟ་ཞིག་བྱེད་པའི་རྣམ་འགྱུར་བཟུང་ནས་ལས་ཀ་དེར་ཞུགས་ཤིང་། ཅང་མ་འགོར་བར་གནས་དེ་དང་ཁ་བྲལ་ནས་འགྲོ་ངེས་སྙམ། གཅིག་བྱས་ན་ཡོད་ཚད་ལས་དབང་ཡིན་སྲིད་དེ། ད་སྐབས་མོ་ནི་བདག་སྐྱོང་ས་ཚིགས་ནང་གི་འཇོན་ཐང་ལྡན་པའི་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཡོད།རྡོ་རྗེ་མཚོ་མོ་ནི་ལྷ་ཆབ་ཁུག་སྲུང་སྐྱོབ་ས་ཚིགས་ཀྱི་བུད་མེད་སྐྱེ་ཁམས་བདག་སྐྱོང་པ་གཅིག་པུ་དེ་ཡིན་པ་དང་ལྷ་ཆབ་ཁུག་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་ཡུས་ཞའོ་ཝེ་ཡིས་མོའི་ལས་དོན་ལ་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད་དེ། “མོས་བསམ་ཚུལ་མང་པོ་ཞིག་ལས་དོན་གསར་གཏོད་ཁྲོད་སྤྱད་དེ་སྲུང་སྐྱོབ་ས་ཚིགས་ལ་བྱ་བ་མང་པོ་བསྒྲུབས་ཡོད”ཅེས་བཤད།སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི་ན་གཞོན་ཇེ་མང་དུ་གྱུར་པ་ནི་ང་རྒྱལ་བྱེད་འོས་ལ་གོང་བཀུར་ཡང་བྱེད་འོས་པ་ཞིག་རེད། ཡུས་ཞའོ་ཝེ་ཡིས་བཤད་རྒྱུར། སྡེ་ཁུལ་གྱིས་མཉམ་དུ་དོ་དམ་དང་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ཁོ་ཚོས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱལ་ཁབ་སྤྱི་གླིང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱ་ཁྱབ་ངང་དྲིལ་སྒྲོག་བྱས་པ་དང་འབྲེལ་མི་དེ་བས་མང་པོ་དེའི་ནང་ཞུགས་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད།ད་སྐབས། མཐའ་འཁོར་གྱི་མང་ཚོགས་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་ལེན་པ་དང་དྲིལ་སྒྲོག་པར་གྱུར་ནས་འོས་འགན་སྐྱེ་ཁམས་བདག་སྐྱོང་པའི་དཔུང་སྡེ་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད། སྤྲེལ་ནག་གྲོང་རྡལ་དཀར་ལྷ་སྡེ་བ་དང་ལོའུ་སེ་སྡེ་བ་ནས་ཡོང་བའི་མགོན་པོ་བཀྲ་ཤིས་དང་འཇམ་དཔལ་གཉིས་ནི། ལྷ་ཆབ་ཁུག་སྲུང་སྐྱོབ་ས་ཚིགས་ཀྱི་འོས་འགན་སྐྱེ་ཁམས་བདག་སྐྱོང་པར་གྱུར་ནས། ཁེ་ཕན་ལ་མི་རེ་བར་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་ཏེ་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་གནས་ཚུལ་རྟག་ཏུ་ཟིན་ཐོར་འགོད་ཀྱིན་ཡོད། མགོན་པོ་བཀྲ་ཤིས་ཀྱིས་དེ་སྔ་མཚོ་སྔོན་པོའི་འབབ་རྒྱུད་དུ་རྩྭ་གཡི་དང་ས་རྟ་གྲོ་ལི་འགུལ་སྐྱོད་བྱེད་པའི་རྣམ་པ་བརྙན་པར་དུ་བླངས་ནས། ས་ཁོངས་དེའི་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་དཔྱད་གཞིའི་ཡིག་རིགས་ཀྱི་རོགས་འདེགས་གལ་ཆེན་མཁོ་འདོན་བྱས་ཡོད།གཞོན་ནུ་མང་པོ་ཞིག་གི་ངོས་ནས་བརྗོད་ན། གྲོང་ཁྱེར་ཆེན་པོར་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་སྲིད་མོད། གནས་དེར་སྡོད་དམ་མི་སྡོད་ཅེས་གླེང་སྐབས། རྡོ་རྗེ་མཚོ་མོས“སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་བསྒྲུབ་དགོས་པའི་བྱ་བ་ཧ་ཅང་མང་པོ་ཡོད་པས། ལས་གནས་ཐོག་རྐང་ཚུགས་པར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་གཞག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན”ཟེར། །