མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས79པའི་ཚོགས་ཆེན་འཚོགས།
སྒྲིག་སྒྱུར། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀྲུང་གོ་གསར་འགྱུར་དྲ་བའི་ཟླ9པའི་ཚེས11ཉིན་འབྱོར་བའི་གློག་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས10ཉིན་གྱི་ཕྱི་དྲོར། སྐབས79པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེ་ཨ་རིའི་ཉིའུ་གཡོད་དུ་འཚོགས་པ་དང་། གསར་དུ་བསྐོ་གཞག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཕེ་ལེ་མོང·དབྱང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུ་རུ་འགན་བཞེས་དམ་བཅའ་བཞག་རྗེས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་འགྱུར་ལྡོག་དང་། གདོང་ཐུག་རིམ་སྤོར། རྒྱུན་མཐུད་འཕེལ་རྒྱས་ཇེ་དལ་དུ་སོང་བ་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་རབ་དང་རིམ་པར་ཁ་གཏད་གཅོག་རྒྱུའི་རེ་འབོད་བྱས་པ་རེད།
ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས79པའི་ཀྲུའུ་ཞི་ཧྥེ་ལེ་མོང·དབྱང་གིས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུ་རུ་དམ་བཅའ་བཞག་ནས་འགན་བཞེས་པ་རེད། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཧྥན་གྱིས་པར་བླངས།
གནས་ཚུལ་སྤེལ་བར་གཞིགས་ན། ཧྥེ་ལེ་མོང·དབྱང་གིས་གསར་གཏོད་དང་ལྗང་མདོག་དཔལ་འབྱོར་བརྒྱུད་དྲང་གཞག་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་བཏང་སྟེ“རྒྱལ་ཁབ་ཁག་ཆེ་ཆུང་ལ་མ་བལྟོས་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་རྒྱུའི”འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁོང་གིས་ཞི་བདེ་དང་བདེ་འཇགས་དེའང་ལས་འགན་ཨང་དང་པོ་དེ་ཡིན་པ་དང་། རྒྱལ་ཁབ་ཁག་གིས་ཅ་ཧྲ་ས་ཁུལ་དང་། ཧེ་ཏིས། ཡུག་རེན། གླིང་ཆེན་ཨ་ཧྥེ་རི་ཁའི་མཚེའུ་ཆེན་པོའི་ས་ཁུལ་སོགས་ཚུད་པའི་ས་ཁུལ་གྱི་རྒྱུན་མཐུད་གདོང་ཐུག་ཐག་གཅོད་བྱ་རྒྱུའི་སྐུལ་མ་བཏང་བ་དང་། “ང་ཚོས་ངེས་པར་དུ་འབད་བརྩོན་གང་ཐུབ་བྱས་ནས་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་གཏོང་བ་དང་འབྲེལ་འཛམ་གླིང་ཁྱབ་ཁོངས་ནང་ཡིད་ཆེས་འཛུགས་དགོས”ཞེས་བརྗོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ལོ་ལྟར་གྱི་ཟླ9པ་ནས་ཟླ12པའི་བར་རྒྱུན་ཚོགས་འཚོག་རྒྱུ་དང་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཟླ9པའི་ཚེས24ཉིན་ནས་མགོ་བརྩམས་ཏེ་ཟླ9པའི་ཚེས30ཉིན་མཇུག་འགྲིལ་རྒྱུ་རེད།