རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དང་སྐྱེ་ཁམས་སྲུང་འཛིན་གྱི་དགེ་མཚན་གླེང་བ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། འཇིགས་བྱེད་སྐྱབས། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ།
ལྷག་པར་ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་སྐྱེ་ཁམས་མ་ལག་ལ་གཏོར་སྐྱོན་ཐེབས་བཞིན་པའི་སྣང་ཚུལ་ཅུང་ཚབས་ཆེ་བ་ལ་ལེགས་བཅོས་དང་སྐུལ་འདེད་བྱེད་པའི་ཆེད་དུ་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ལས་གཞི་གསར་སྐྲུན་བྱས་པ་དེ་སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་ཀྱི་འཆར་འགོད་བཟང་པོ་ཞིག་ཡིན་པ་སྨོས་མ་དགོས།རྩེ་ཆུའི་འབབ་རྒྱུད་དུ་གནས་པའི་བརླན་སའི་སྤྱི་གླིང་ནི་ས་གནས་ཀྱི་ཡུལ་བབ་ཁོར་ཡུག་དང་རང་བྱུང་གནས་ཚུལ་གྱི་ཁྱད་ཆོས་བེད་སྤྱད་པ་ལས་གསར་སྐྲུན་བྱས་པའི་རང་བྱུང་སྤྱི་གླིང་ཞིག་ཡིན། ཀུན་མཁྱེན་འཇིགས་མེད་དབང་པོའི་དྲུང་ཡིག་དགེ་འདུན་དར་རྒྱས་ཀྱིས་མཛད་པའི་རྩེ་གཞུང་ས་དཔྱད་དུ“རྩེ་འཛིན་བཟང་ལ་འགབ་ཡང་འཕན། ། ཐུ་བ་ཡངས་ལ་མདུན་ཡང་འཇམ། །ཉི་ཟླ་སྐར་གསུམ་སྐེད་ནས་འཁོར། །ཉི་ཟླའི་སྐ་རགས་བཅིངས་པ་བཟང་། །ཆུ་བྲག་ནགས་གསུམ་གོས་ལྟར་གྱོན། །རི་ཆེན་སྟོང་གིས་བསྐོར་ནས་འདུག ། ཆུ་ཕྲན་མང་པོའི་མདངས་བླངས་ནས། །གཡུ་བྱ་ཁུ་བྱུག་གསུང་སྙན་སྒྲོགས། ། མེ་ཏོག་མཛེས་པའི་རྒྱན་ཡང་གྱོན། །ལམ་ཆེན་དཀར་པོའི་འགབ་བསྐོར་ནས། ། བླ་དཔོན་སེར་སྐྱ་མཐོ་དམན་སོགས། ། བརྒྱ་འགྲོ་སྟོང་འགྲོ་དེ་ལས་འཁོར། །”ཞེས་བསྔགས་པ་བརྗོད་པའི་ས་བཀྲ་ལེགས་ཤིང་སའི་དགེ་མཚན་མང་པོ་དང་ལྡན་པའི་རྩེ་གཞུང་སྨན་ལྗོངས་ཡངས་པའི་སྟོད་ཀྱི་ཆར་གནས་པའི་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་མངའ་ཁོངས་སུ་གནས་ལ། དེ་ནི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གཏོགས་པའི་རྒྱལ་ཁབ་ཀྱི་གནད་ཆེའི་ལས་གཞི་ཞིག་ཀྱང་རེད། དེ་ནི2023ལོའི་ཟླ11པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《སྐབས་གསར་པའི་རྒྱལ་ཁབ་ཀྱི་གལ་ཆེའི་བརླན་སའི་མིང་ཐོའི་སྤྱི་བསྒྲགས》སུ་རང་རྒྱལ་གྱི་གཙོ་གནད་ཀྱི་བརླན་སའི་མིང་ཐོ29ཁྱབ་བསྒྲགས་བྱས་པ་ལས་རང་རེའི་མཚོ་སྔོན་ཞིང་ཆེན་ནས་བརླན་ས་གསུམ་བདམས་ཐོན་བྱུང་བའི་གཅིག་ནི་རྩེ་ཁོག་རྫོང་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་རེད། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་དང་རི་སྐྱེས་སྲོག་ཆགས། སྐྱེ་དངོས་རྩི་ཤིང་གི་འཚོ་སྡོད་དང་སྐྱེ་འཕེལ་བྱ་ཡུལ་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་ཞིང་། དེ་ལ་བརྟེན་ནས་མངའ་ཁོངས་ཀྱི་སྐྱེ་ཁམས་ཁོར་སྲུང་ནུས་པ་འདོན་སྤེལ་དང་སྐྱེ་ཁམས་འཕེལ་རྒྱས་ཀྱི་ཆ་ལ་སྔར་མེད་པའི་བྱེད་ནུས་གལ་ཆེན་ཐོན་དང་འདོན་མུས་སུ་མཆིས། རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་རྟེན་གཞིར་གྱུར་པའི་ཡུལ་བབ་ཁོར་ཡུག་གི་ཁྱད་ཆོས་ལ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་དགུང་ལོ་བཅོ་ལྔ་བཞེས་སྐབས་ཐོག་མར་རྩེ་གཞུང་དུ་ཆིབས་ཁ་བསྒྱུར་པའི་ཚེ་གསུང་གླེང་འདི་འདྲ་ཞིག་མཆིས་ཏེ“དམེ་ཤུལ་སོགས་ཀྱི་འབྲོག་ས་ཉམས་དགའ་བ་བརྒྱུད་དེ། མཁའ་འགྲོའི་ལུང་གིས་ཟིན་པའི་རྩེ་དྲུག་སྙིང་བདུན་གྱི་ས་འཛིན་ནོར་བུ་སྤུངས་པ་ལྟ་བུས་ཡོངས་སུ་བསྐོར་བའི་རྩེ་གཞུང་སྐྱིད་པའི་སྨན་ལྗོངས། མིག་གི་གཟི་འོད་འཕྲོག་པའི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་ཞིང་ལག་མཐིལ་ལྟར་ངོས་མཉམ་པ། མནན་ན་ནེམ་ཞིང་བཏེག་ན་འཕར་བྱེད་པའི་སྤང་ལྗོངས་ཡིད་དུ་འོང་བ། ནོར་བུ་དགའ་འཁྱིལ་གྱི་དབྱིབས་སུ་འབབ་པའི་རྩེ་ཆུ་ཉ་མོ་འབུམ་གྱི་རྩེན་གནས། རི་དྭགས་དགོ་བ་དང་ཆུ་བྱ་ངང་ངུར་གྱིས་རོལ་རྩེད་ཅི་དགར་འགྲན་པའི་ས་ཨ་ལོང་མེ་ལོང་གི་ཐང་ཆེན་དུ་ཕེབས”ཞེས་ཁོང་རྩེ་གཞུང་དུ་ཐོག་མར་བསྐྱོད་པའི་སྐབས་སུ་སའི་ཡོན་ཏན་དང་ལྷག་པར་རྩེ་གཞུང་གི་སའི་ཆ་ལ་གནའ་སྔ་མོའི་དུས་ནས་ས་ལ་བརླན་ཆེ་ཞིང་ན་ཆུ་བརྡོལ་བའི་ཁྱད་ཆོས་སུ“མནན་ན་ནེམ་ཞིང་བཏེག་ན་འཕར་བྱེད་པའི་སྤང་ལྗོངས་ཡིད་དུ་འོང་བ”ཞེས་རྩེ་གཞུང་གི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་སུ་བགྲངས་པ་ནི་དེང་གི་བརླན་སའི་སྤྱི་གླིང་གསར་སྐྲུན་གྱི་མཐུན་རྐྱེན་དང་ཡོངས་སུ་འཕྲོད་པའི་དཔེར་འགྲོ་བ་དང་། འདིར་ཆེད་དམིགས་ཀྱིས་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ས་ཁམས་གནས་ཡུལ་དང་ས་དབྱིབས་རྣམ་པ། གནམ་གཤིས་གནས་ཚུལ་བཅས་ཕྱོགས་གསུམ་གྱི་ངོས་ནས་ངོ་སྤྲོད་རགས་བསྡུས་ཤིག་བྱ་འདོད། གཅིག ས་ཁམས་གནས་ཡུལ། རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་རྩེ་ཁོག་རྫོང་གི་ལྷོ་ནུབ་རྒྱུད་ཀྱི་རྩེ་ཆུའི་འབབ་རྒྱུན་དང་རྨ་སྔོན་མོ་གཡས་སུ་འཁྱིལ་བའི་དཀྱིལ་དབུས་སུ་གནས་པའི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གཏོགས། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི7.23ཡོད་པ་དང་། དེའི་ཁྲོད་ཀྱི་སྤྱི་ཆིང་ཁྲི4.28ཙམ་ནི་བརླན་ས་ཡིན། སྤྱི་གླིང་ཡོངས་ལས57.46%བརླན་སས་ཟིན་ཡོད། 2015ལོ་ནས་རྒྱལ་ཁབ་ནགས་ལས་ཅུས་ནས་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་གྱི་ཆོག་མཆན་ཐོབ་པ་བརྒྱུད་སྲུང་སྐྱོབ་ཀྱི་ལམ་ལུགས་ནན་མོ་ལག་བསྟར་བྱེད་བཞིན་ཡོད། གཉིས། ས་དབྱིབས་རྣམ་པ། རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་ཕྱོགས་ས་ཆའི་འབྲོག་ལས་ས་ཁུལ་གྱི་ཁོངས་སུ་གནས་པ་དང་། རྩེ་འདུས་རིའི་བྱང་འདབས་དང་དམེ་ཤུལ་རི་བོའི་ལྷོ་ནུབ་རྒྱུད། རྨ་སྔོན་མོ་གཡས་སུ་འཁྱིལ་བའི་དཀྱིལ་སྙིང་དུ་གནས་ཡོད། དེའི་མངའ་ཁོངས་སུ་རི་ཚོགས་མང་ལ་ས་བབ་མཐོ། གྲམ་ཐང་ཡངས་ལ་ས་བབ་སྣ་མང་བ། ཤར་རྒྱུད་དང་བྱང་རྒྱུད་ཀྱི་རི་བོ་མཐོ་ཞིང་ལུང་ཤུར་ཟབ། ཤར་བྱང་རྒྱུད་ཀྱི་རི་རྒྱུད་རིང་ལ་ཀྱག་ཀྱོག་ཆེ། ནུབ་རྒྱུད་ཀྱི་ས་བབ་ཡངས་ཤིང་ཁོད་སྙོམས་པ་དང་། དེའི་མཚོ་འཕགས་ཀྱང་ལྟོས་བཅས་སུ་དམའ་བ་ཡིན། གསུམ། གནམ་གཤིས་གནས་ཚུལ། སྤྱིར་བཏང་རྩེ་ཁོག་རྫོང་གི་གནམ་གཤིས་ནི་མཐོ་སྒང་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན་པ་དང་། ས་མཐོའི་གྲང་ངར་ཕལ་བའི་ཁུལ་གྱི་བརླན་གཤེར་རང་བཞིན་གྱི་གནམ་གཤིས་ཁུལ་དུ་གཏོགས། གནམ་གཤིས་འདི་རིགས་ཀྱི་ཁྱད་ཆོས་ནི་ཆར་ཆུ་འབབ་ཚད་ཅུང་མང་ཞིང་གཅིག་བསྡུས་རང་བཞིན་ལྡན་པས་ན། ཆེད་མཁས་པས་གནམ་གཤིས་འདི་རིགས་ཀྱི་དྲོད་ཚད་ཅུང་དམའ་བ་དང་ཟླ་བརྒྱད་པ་ནི་ཆར་ཆུ་འབབ་ཚད་ཆེས་ཆེ་བའི་དུས་ཡིན་པ་ཤར་ལྷོའི་ཕྱོགས་ཀྱི་ཆར་ཆུ་འབབ་ཚད་ལྟོས་བཅས་ཀྱིས་ཆེ་ཞེས་བརྗོད། དེ་བཞིན་ཡུལ་འདིར་འཚོ་བ་རོལ་བའི་ཡུལ་མི་དག་གི་ངག་རྒྱུན་ལའང་གྲང་བའི་དུས་ཚིགས་རིང་ཞིང་འཁྱག་པ་དང་། དྲོ་དུས་ཐུང་བས་ན་ས་ཕྱོགས་འདིར་གནས་བཅས་པའི་རི་དྭགས་དག་གི་ཁ་ཤ་འདར་བའི་དུས་ཀྱང་མང་བར་བཤད། མདོར་ན་རྒྱལ་ཁབ་ཀྱི3Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏོགས་པའི་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་གསར་སྐྲུན་དང་ཡུལ་མི་རྣམས་ཀྱིས་ཕ་ས་ལྟ་སྲུང་གི་ནུས་པ་ལ་བརྟེན་ནས་སྔར་རྩེ་ཁོག་གི་ས་ཆ་ཨ་བྲ་ཡིས་གནོད་སྐྱོན་ཐེབས་པའི་རྣམ་པ་ལ་བསྒྱུར་བཅོས་བྱས་ཏེ། ད་ལྟའི་དུས་སུ་གནས་འདི་རུ་ངང་ངུར་སོགས་འདབ་ཆགས་སྣ་ཚོགས་ངང་གིས་འཁོར་ཞིང་། སྐྱེ་དངོས་རྩི་ཤིང་མང་པོས་སྐྱེ་འཚར་བཟང་བ། ཤྭ་བ་དང་དགོ་བ་སོགས་རི་སྐྱེས་སྲོག་ཆགས་ཚོགས་ཀྱིས་འདུ་འགོད་རྒོད་པ། ཕྱོགས་ཀྱི་ཡུལ་སྐོར་པས་མིག་དབང་ཡང་འཕྲོག་པར་བྱེད་པའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་ཡོད་དོ།