རི་ཀླུང་ནགས་ཚལ་ཁྲོད་ཀྱི་བརྩེ་བ་དང་བརྟན་སྲུང་།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

འཕོ་འགྱུར་སྐོར་གླེང་སྐབས། ཆོས་སྐྱོང་རྒྱལ་གྱིས་ལྷུག་པོར་བཤད་རྒྱུར། དེང་སྐབས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ནས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ལ་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱས་པ་དང་། གསའ་དང་རྩྭ་གཡི་སོགས་རི་སྐྱེས་སྲོག་ཆགས་འགུལ་སྐྱོད་ཀྱི་རྗེས་ཤུལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པར་གྱུར་ཏེ། ཐུན་ཏེ་རྫོང་གི་མངའ་ཁོངས་སུ་སྲོག་ཆགས་ཀྱི་རིགས་རྙེད་པའི་ཟིན་ཐོ་གསར་པ་ཞིག་བཏོད་པ་དང་། གང་སར་མཐོང་བའི་གནའ་ཁྱུ་མང་པོ་ཡོད་པ་དེའི་གྲངས་འབོར་ཆེས་མང་བའི་སྐབས་སུ་བརྒྱ་ལ་ལོངས་ཐུབ།
ཆོས་སྐྱོང་རྒྱལ་གྱི་བག་ཆགས་ངོས་སུ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་ནང་ནགས་ཁུལ་དུ་རི་སྐྱེས་སྲོག་ཆགས་ཧ་ལམ་མཐོང་རྒྱུ་མེད་པས་དེས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཛ་དྲག་གི་གནས་བབ་ཤེས་ཐུབ། 2002ལོ་ནས་བཟུང་། ནགས་རར་སྐྱེ་ཁམས་བདག་སྐྱོང་པ་ཉུང་ཤས་སྡུད་ལེན་བྱེད་འགོ་ཚུགས་པ་དང་། དེའི་ཁར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ནས། ནགས་རྩྭ་དོ་དམ་མི་སྣ་དང་སྐྱེ་ཁམས་བདག་སྐྱོང་པའི་དཔུང་སྡེ་སྟོབས་ཆེར་ཕྱིན་ཏེ་མི90ལྷག་ལ་བུད་ཡོད།
ཆོས་སྐྱོང་རྒྱལ་གྱིས་གསར་འགོད་པར། རྨ་བྱང་ནགས་ར་ནི་གཙང་ཡུལ་དོ་དམ་སྲུང་སྐྱོང་ཁུལ་དང་མགར་རྩེ་དོ་དམ་སྲུང་སྐྱོང་ཁུལ་གཉིས་སུ་དབྱེ་ཡོད། དེའི་ཁོངས་སུ་གཏོགས་པའི་རྨ་བྱང་གི་སྲིད་འཛིན་སྡེ་བ10ཡོད་པ་དང་། སྲིད་འཛིན་སྡེ་བ་རེས་སོ་སོར་ཚོ་ཆུང་རེ་གྲུབ་ཡོད་ཟེར། ཆོས་སྐྱོང་རྒྱལ་གྱིས།“ང་ཚོའི་བྱ་བའི་ཁྲོད་མི་སྒེར་གྱི་སྐོར་སྲུང་ཟླ་རེར་ཉིན20ལས་མི་ཉུང་བ་དང་། ཚོ་ཆུང་གི་ཐུན་མོང་སྐོར་སྲུང་ཟླ་རེར་ཐེངས3ལས་མི་ཉུང་བ་བྱས་ཡོད། གལ་སྲིད་གནད་དོན་ཡོད་པའམ་ཡང་ན་དམིགས་བསལ་གནས་ཚུལ་བྱུང་ཚེ་ཉིན3ནང་ངེས་པར་སྙན་སེང་ཞུ་དགོས་པའི་གཏན་འབེབས་བྱས་ཡོད་པས། དེས་བདག་སྐྱོང་གི་ལས་ཕྱོད་དང་སྤུས་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད”ཟེར།


