ལོ་བཅུ་བཞི་ཅན་གྱི་གཅན་ཚའི་བུ་མོས་བྲིས་པའི་རི་མོ་ཀྲུང་གོའི་བར་སྣང་ས་ཚིགས་སུ་འཁྱེར།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གཅན་ཚའི་བུ་མོ་སྐལ་བཟང་ཆོས་སྒྲོན་གྱིས་བྲིས་པའི་རི་མོ‘ལྷའི་ཕོ་བྲང་གི་རི་མོ་འགྲེམ་སྟོན’དུ་བདམས་པར་མ་ཟད། ཀྲུང་གོའི་བར་སྣང་ས་ཚིགས་སུ་འཁྱེར་འདུག ཉེ་ལམ་གཏམ་བཟང་སྙན་མོ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་གྲགས་ཤིང་། གཅན་ཚ་རྫོང་གི་མི་རྣམས་གཟི་བརྗིད་ཀྱིས་ཁེངས་ནས་ཡོད་པ་དང་ཆབས་ཅིག ཚང་མའི་མིག་ཟུང་སེམས་ལ་ཕུགས་འདུན་ཉར་ཞིང་། རི་མོ་འབྲི་རྩལ་ཧ་ཅང་ལེགས་པའི་བོད་རིགས་བུ་མོ་དེའི་ཕྱོགས་སུ་འཕངས།
ལོ་ན14ལ་སོན་པའི་སྐལ་བཟང་ཆོས་སྒྲོན་ནི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་འབྲིང་རིམ་གཉིས་པའི་འཛིན་གྲྭ་དྲུག་པའི་སློབ་མ་ཡིན། མོ་རང་ཆུང་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་བ་མ་ཟད་ལྷུན་སྐྱེས་ཀྱི་བགས་ཆགས་ཟབ་མོ་ཞིག་ཡོད། སློབ་ཆུང་ནས་སློབ་འབྲིང་གི་བར་དུ་རི་མོ་འབྲི་རྒྱུ་ནི་མོའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ཁྱིམ་མིས་རྒྱབ་སྐྱོར་འོག མོས་ལོ་བདུན་རིང་ལ་རི་མོ་སྦྱངས། སྔོན་ཆད་མོས་སློབ་གྲྭའི་ལག་དེབ་ཚགས་པར་འགྲན་སྡུར་ཁྲོད་བྱ་དགའ་བླངས་མྱོང་།
“ལྷའི་ཕོ་བྲང་གི་རི་མོ་འགྲེམ་སྟོན”ནི་ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་འཇིག་རྟེན་འཕུར་སྐྱོད་བརྗོད་གཞིར་བཟུང་བའི་ཐུན་མིན་རིག་གནས་ཀྱི་ཚོང་རྟགས་བཟོ་ཕྱིར་དུ་སྤེལ་བ་ཞིག་ཡིན་ལ། རི་མོ་འགྲེམ་སྟོན་དེ་ད་ལོའི་ཟླ7པའི་ཟླ་སྟོད་ནས་འཚོལ་སྡུད་བྱེད་མགོ་བརྩམས་ཤིང་། རི་མོ་ཁྲི་གཉིས་ཀྱི་ཁྲོད་ནས་ཕུལ་དུ་བྱུང་བའི་བརྩམས་ཆོས75བདམས་གསེས་བྱས་པ་དང་། ཟླ11པའི་ཟླ་དཀྱིལ་དུ་ལྷ་གྲུ་བརྒྱད་པའི་ཟུང་འདྲེན་འཕུར་གྲུ་དང་མཉམ་དུ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བསྐྱོད། སྔོན་ཆད་དང་མི་འདྲ་ས་ཞིག་ནི་ཐེངས་འདིའི་རི་མོ་འགྲེམ་སྟོན་དེ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཀྲམས་པར་མ་ཟད། ད་དུང་གནའ་བོའི་ཕོ་བྲང་དང་། ཨོ་མན་ཚན་རིག་ཁང་བཅས་སུ་དུས་མཉམ་དུ་ཐོག་མར་བཀྲམས་ནས་སྤྱི་ཚོགས་ཡོངས་ལ་གཟིགས་འབུལ་གནང་། དེ་ནི་རང་རྒྱལ་གྱིས་གནམ་ས་གཉིས་ཀ་ནས་མཉམ་དུ་སྤེལ་བའི་རི་མོ་འགྲེམ་སྟོན་ཐོག་མ་རེད།
ད་ལོའི་ཟླ8པར། སྐལ་བཟང་ཆོས་སྒྲོན་གྱིས་ཀྲུང་གོའི་ཧྭ་ནན་སྡེ་ཤོག་གི་མ་དངུལ་རོགས་སྐྱོར་འོག པེ་ཅིང་དུ“གཅན་ཚའི་ན་ཆུང་བྱིས་པའི་པེ་ཅིང་ལ་འཚོལ་ཞིབ་བྱས་ནས་འཇིག་རྟེན་འཕུར་སྐྱོད་གྱི་ཕུགས་འདུན་ལ་སྙེག”ཅེས་པའི་དབྱར་སྒར་ནང་ཞུགས། མོས་འདི་སྐད། དབྱར་སྒར་གྱི་དགེ་རྒན་གྱིས་ང་ལ་འདི་སྐད། རྒྱལ་ཡོངས་ན་ཆུང་བྱིས་པའི་བཟོ་ཨུའི་སྐད་འཕྲིན་སྤྱི་སྟེགས་སུ“ལྷའི་ཕོ་བྲང་གི་རི་མོ་འགྲེམ་སྟོན”སྐབས་བཞི་བའི་རི་མོ་བརྩམས་ཆོས་འཚོལ་སྡུད་བྱེད་བཞིན་འདུག་པས། ཁྱེད་ཀྱིས་དེ་ལ་རི་མོ་བརྩམས་ཆོས་ཤིག་བསྐུར་ན་ལེགས་ཞེས་ཡར་སྐུལ་གྱི་ཚུལ་དུ་བཤད་བྱུང་། གནས་ཚུལ་དེ་མོས་སེམས་ལ་འགོག་པ་མེད་པའི་དགའ་བ་དང་སྤྲོ་བ་ཆེན་པོ་ཞིག་སྐྱེས། ཕྱིས་སུ་མོས་བློ་རྩེ་གཅིག་ཏུ་སྒྲིམ་ནས་རི་མོ་འབྲི་བར་བརྩོན།
སྐལ་བཟང་ཆོས་སྒྲོན་གྱི་གསར་རྩོམ་བསམ་བློ་དེ་གཅན་ཚ་རྫོང་གི་མཛེས་པའི་རི་ཀླུང་དང་། དལ་གྱིས་འབབ་པའི་རྨ་ཆུ་སྔོན་མོ་ལ་སོགས་ནས་བྱུང་བ་ཡིན། གསར་རྩོམ་གྱི་གོ་རིམ་གླེང་ཡོང་དུས། མོས་འདི་སྐད། མོ་རང་ལ་འཕྲད་པའི་དཀའ་ངལ་ཆེས་ཆེ་ཤོས་ནི་གསར་རྩོམ་རེད། དང་ཐོག་བྲི་བྱའི་ནང་དོན་དེ་གནས་སྤར་བའི་བདེ་སྐྱིད་གྲོང་ཚོ་དང་གཅན་ཚའི་རི་ཆུ་ལ་སོགས་རེད། ཡིན་ན་ཡང་ཡིད་ཚིམ་པོ་ཞིག་མི་འོང་། ཕྱིས་རྒན་བཀྲ་ཤིས་འཚོ་ལགས་ཀྱི་སློབ་སྟོན་འོག གཅན་ཚ་རྫོང་ནི་མི་རིགས་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་གྱི་ཕ་ས་ཡིན་པས། དོན་དེ་བརྩམས་ཆོས་ནང་འགོད་པའི་ངེས་པ་རྙེད།
ཁྱིམ་བདག་གི་ཡར་སྐུལ་དང་དགེ་རྒན་གྱི་སློབ་སྟོན་འོག གཟའ་འཁོར་གཅིག་གི་ནང་ལ་བཟོ་བཅོས་དང་བསྐྱར་བཅོས་ཐེངས་དུ་མར་བརྒྱུད་རི་མོ་དེ་ལེགས་པར་གྲུབ། མོས་འདི་སྐད། ང་རང་གི་རི་མོའི་ནང་དོན་ནི་གཙོ་བོ་རྨ་ཆུ་དལ་མོར་གྲོང་ཚོར་བརྒྱུད་ནས་འབབ་པ་དང་། ཆུ་བོའི་འགྲམ་ནི་སྔོན་ཆད་ཀྱི་གྲོང་ཚོ་དབུལ་བོ་བདེ་སྐྱིད་གྲོང་ཚོ་ཡིན། ད་ལྟ་མཛེས་སྡུག་ཡིད་དུ་འོང་བའི་ཞིང་གྲོང་དུ་གྱུར་ཡོད། བྱིས་པ་རྣམས་གནས་འདིར་བདེ་སྐྱིད་ཀྱི་ངང་ནས་སློབ་གཉེར་ལ་བྲེལ་ཞིང་འཚོ་བ་ལ་དགའ་ཞེན་ཆེ་བའི་རྣམ་པ་མཚོན་པར་བྱས་ཡོད། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་ཟླ་བ་འཚོལ་ཞིབ་ལས་གྲྭ་སོགས་ཀྱིས་མེས་རྒྱལ་གྱི་འགྱུར་ལྡོག་ཆེན་པོ་ཕྱིར་མངོན་ནས་ཚན་རིག་ཞིང་དར་དང་། ཚན་རྩལ་ཞིང་རོགས་ཀྱི་འཐབ་ཇུས་དར་སྤེལ་བཏང་བས། ཀྲུང་གོའི་ཞིང་གྲོང་གི་མ་འོངས་པ་དེ་བས་བདེ་སྐྱིད་ལྡན་ལ་མཛེས་སྡུག་གིས་ཁེངས་ངེས་ཟེར།
བརྩམས་ཆོས་ཀྱི་ནང་དོན་རེ་རེར་སྐལ་བཟང་ཆོས་སྒྲོན་གྱིས་མེས་རྒྱལ་དང་ཕ་ཡུལ་ལ་བཅངས་པའི་དགའ་ཞེན་ཉར་ཡོད་ལ། མེས་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་མོས་གུས་བྱེད་པའི་མཚོན་དོན་ཡང་འདུ་ཡོད།
ཟླ12ཚེས13ཉིན། ངས་རང་གི་དགེ་རྒན་གྱི་ཞལ་ང་ནས་ངའི་རི་མོ‘ལྷའི་ཕོ་བྲང་གི་རི་མོ་འགྲེམ་སྟོན’ཁྲོད་བདམས་པའི་གཏམ་བཟང་དེ་གོ་བས་དགའ་སྤྲོ་ཚད་མེད་སྐྱེས་ཤིང་གཟི་བརྗིད་ཀྱིས་ཁེངས། སློབ་མ་རྣམས་ཀྱིས་ང་ལ་གཅིག་རྗེས་གཉིས་འཕྲོར་རྟེན་འབྲེལ་ཞུས་པ་དང་། དགེ་རྒན་གྱིས་ང་ལ་ཁས་ལེན་གང་ལེགས་མཛད་ཟེར།
གཏམ་བཟང་དེ་གང་སར་གྲགས་རྗེས་སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན། སློབ་གྲོགས་རྣམས་ཀྱིས་སློབ་སྦྱོང་གི་གོ་རིམ་ཁྲོད་སྔ་ན་མེད་པའི་ཁ་ཕྱོགས་གསལ་བ་ཞིག་རྙེད་པར་གྱུར། ཞེས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི། རྒྱུན་ལས་ཀྱི་སློབ་གཙོ་གཞོན་པ་འཇིགས་མེད་ཀྱིས་དེ་སྐད་ཟེར། སླད་ཕྱིན་སློབ་གྲྭས་རི་མོ་འགྲན་སྡུར་སོགས་བྱ་འགུལ་དག་སློབ་གྲྭའི་སློབ་གསོ་འཆར་འགོད་ཁྲོད་བཞག་ནས་སློབ་མ་རྣམས་ཀྱི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་པོར་གཏང་བ་དང་། སློབ་མའི་སྒྱུ་རྩལ་གྱི་བྱང་ཚད་དང་མཛེས་དཔྱོད་ཀྱི་ནུས་པ་སྐྱེད་སྲིང་བྱས་ནས་སློབ་མ་ཕྱོགས་ཅིའི་ཐད་ཡར་ཐོན་ཡོང་བར་སྐུལ་འདེད་བྱ་རྒྱུ་ཡིན་ཟེར།
ཟླ12ཚེས14ཉིན། ‘ལྷའི་ཕོ་བྲང་གི་རི་མོ་འགྲེམ་སྟོན’སྐབས་བཞི་བ་དེ་ཀྲུང་གོའི་བར་སྣང་ས་ཚིགས་དང་། པེ་ཅིང་། ཨོ་མན་བཅས་གནས་གསུམ་ནས་མཉམ་དུ་བཀྲམས་ཤིང་། བར་སྣང་དུ་སྐྱོད་བཞིན་པའི་ལྷ་གྲུ་བཅུ་དགུ་བའི་འཇིག་རྟེན་འཕུར་སྐྱོད་པས་སྐལ་བཟང་ཆོས་སྒྲོན་གྱི《ཚན་རྩལ་ཞིང་དར། གྲོང་ཚོ་དར་སྤེལ》ཞེས་པའི་རི་མོ་བརྩམས་ཆོས་འགྲེམ་སྟོན་གྱི་འཕུར་ལམ་དུ་ཀུན་ལ་ངོམ་ཞིང་མཚམས་སྦྱོར་གནང་བ་དང་། སྐལ་བཟང་ཆོས་སྒྲོན་གྱི་ཕ་མས་ཀྱང་ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་ལེ་ཚན་བརྒྱུད་དེ་གནས་ཚུལ་དེ་ཤེས་པས་དགའ་བ་ཚད་མེད་དང་གཟི་བརྗིད་འགོག་མེད་ཅིག་སྐྱེས།
ཐེངས་འདིར་ངའི་བརྩམས་ཆོས་ལྷའི་ཕོ་བྲང་གི་རི་མོ་འགྲེམ་སྟོན་ནང་བདམས་གསེས་བྱུང་བ་ནི་ང་ལ་མཚོན་ན་ང་རང་བུ་མོ་ལས་ཅན་ཞིག་རེད་བསམ་བྱུང་། སླད་ཕྱིན་ངས་སྔར་བཞིན་རི་མོ་ལ་བཅངས་པའི་དགའ་ཞེན་བཏང་སྙོམས་སུ་མི་བསྐྱུར་བར་དེ་ལས་ལྷག་པའི་བརྩམས་ཆོས་འབྲི་ཐུབ་ལ་བརྩོན་ལེན་བྱ་རྒྱུ་དང་། བརྩམས་ཆོས་ལ་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་བརྗོད་དེ། ང་རང་གི་ཕ་ཡུལ་མི་སྔར་ལས་མང་པོས་རྒྱུན་ལོན་ཐུབ་པ་ཞིག་བྱ་ངེས་ཞེས་སྐལ་བཟང་ཆོས་སྒྲོན་གྱིས་དེ་ལྟར་བཤད་དོ། །