མཚོ་བོད་མཐོ་སྒང་དུ་ཟངས་གཏེར་ཆེན་པོ་ཞིག་གསར་དུ་རྙེད་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་དུ་གཏེར་ཁ་འཚོལ་བར་ཐོལ་བརྒལ་ཆེན་པོ་བྱུང་ནས། གསར་དུ་རྙེད་པའི་ཟངས་གཏེར་གྱི་ཐོན་ཁུངས་འབོར་ཚད་ཏུན་ཁྲི2000ལྷག་ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན། མཚོ་བོད་མཐོ་སྒང་དུ་གཡུ་ལུང་དང་རྡོ་ལུང་། ཅུས་ལུང-རྒྱ་མ-གཞུང་གྲོང་ཚོ། ཀྲུའུ་ནོར་བཅས་ཏུན་བྱེ་བ་རིམ་པའི་ཟངས་གཏེར་ཐོན་ཁུངས་ཀྱི་རྟེན་གཞི་བཞི་ཆགས་ཡོད་པ་དང་། སྔོན་དཔག་བྱས་ན་ཐོན་ཁུངས་ཀྱི་འབོར་ཚད་ཏུན་དུང་ཕྱུར1.5ཟིན་པས། མཚོ་བོད་མཐོ་སྒང་ནི་འཛམ་གླིང་རིམ་པའི་ཟངས་གཏེར་ཐོན་ཁུངས་རྟེན་གཞིར་འགྱུར་རེ་ཡོད་པ་རེད།
ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཐང་ཅུས་ཤིང་གིས། ཟངས་ནི་གནད་འགག་ཆེ་བའི་ལྕགས་རིགས་ངོ་མ་ཞིག་ཡིན་པའི་ཆ་ནས། ལྗང་མདོག་ནུས་རྒྱུ་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཐད་གལ་འགངས་ཧ་ཅང་ཆེན་པོ་ཡོད། དཔེར་ན་ང་ཚོའི་ཉི་ནུས་དང་། སྐམ་སའི་རླུང་ནུས། མཚོ་ཐོག་རླུང་ནུས། ད་དུང་ང་ཚོའི་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ལ་ཟངས་འབོར་ཆེན་དགོས་ཀྱི་ཡོད། ཟངས་གཏེར་དེ་དག་རྩད་ཞིབ་དང་གསོག་ཉར་མང་པོ་ཐུབ་པ་དེས་ང་ཚོའི་རྒྱལ་ཁབ་ཀྱི་ཐོན་ཁུངས་རྟེན་གཞི་གལ་ཆེན་སྐྲུན་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཐོན་ནས། རྒྱལ་ཁབ་ཀྱི་ཟངས་ཀྱི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་བདེ་འཇགས་ལ་འགན་ལེན་བྱ་ཐུབ་ཅེས་གསུངས་པ་རེད།
གཞན་ཡང་། ཧེ་ལུང་ཅང་ཏུའོ་པའོ་རི་བོའི་ཟངས་གཏེར་གྱི་གཏིང་རིམ་ལས་ཀྱང་ཟངས་གཏེར་གྱི་ཐོན་ཁུངས་ཏུན་ཁྲི365གསར་རྙེད་ཐུབ་པ་དང་། ཟངས་གཏེར་དེའི་གཏེར་འཚོལ་གྲུབ་འབྲས་ཀྱིས་རང་རྒྱལ་གྱི་ཟངས་གཏེར་ཐོན་ཁུངས་ཀྱི་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད། གོམ་སྟབས་རྗེས་མར་རང་བྱུང་ཐོན་ཁུངས་པུའུ་ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་ཀྱིས་གཏེར་རྫས་ཀྱི་རྨང་གཞིའི་ས་གཤིས་བརྟག་དཔྱད་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཟངས་གཏེར་ཐོན་ཁུངས་ཀྱི་གནས་ཚུལ་གསལ་རྟོགས་བྱེད་པ། ཟངས་གཏེར་ཐོན་ཁུངས་ཀྱི་རྟེན་གཞི་ཆེ་གྲས་གསར་པ་ཁག་གཅིག་ཧུར་ཐག་ངང་བསྐྲུན་པ་བཅས་བྱས་ནས། དེང་རབས་ཟངས་གཏེར་ཐོན་ཁུངས་ཐོན་ལས་ཀྱི་དཔལ་འབྱོར་དཔེ་སྟོན་ཁུལ་ཆགས་པ་བྱ་རྒྱུ་རེད།