མཛེས་པ་ཀུན་འདུས་ཀྱི་སྐྱེ་ཁམས་རི་མོ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཁུར་ཡོད་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ་དང་།“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ལ་མཉམ་འདྲེས་དང་ཞབས་ཞུ་ཧུར་ཐག་བྱེད་པ། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་ལྕོག”གི་ལྟ་སྲུང་པ་བྱེད་པ་བཅས་ཀྱིས། སེམས་ཤུགས་དང་བརྩེ་བར་བརྟེན་ནས་མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་ལ་སྲུང་སྐྱོབ་ཡག་པོ་བྱས་ཡོད།

མི་དང་རང་བྱུང་ཕྱོགས་ཡོངས་ནས་འཆམ་མཐུན་མཉམ་གནས་བྱུང་ཡོད། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་དང་།ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་ངང་བཟང་ཕྱོགས་སུ་ཕྱིན་པ་དང་།“མཐོ་ས”བསྐྲུན་པ་དེ་བརྟན་བརླིང་ཁྲོད་སྲ་བརྟན་དང་ཇེ་ལེགས་སུ་ཕྱིན་ཡོད། རྒྱལ་ཡོངས་དམངས་ཆེན་འཐུས་མིའམ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཆིང་རྨིན་དུས་ཡུན་རིང་པོར་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་གཞག་ལ་གཞོལ་བ་རེད། ཁོས་བཤད་པ་ལྟར། མཚོ་སྔོན་གྱི་རང་བྱུང་མཛེས་སྡུག་དང་། གནམ་སྔོན་པོ་དང་ཆུ་དྭངས་མོ། ཐུན་མོང་མ་ཡིན་པའི“རང་བྱུང་གི་རྒྱབ་ལྗོངས”ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

སྔར་ལས་ཤུགས་ཆེ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་ཤུགས་བསྣན། 2024ལོར་མཚོ་སྔོན་གྱིས་བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་དྭངས་གཙང་ནུས་ཁུངས་ལས་དྲོད་ལེན་པ་དང་། བཟོ་ལས་ཁེ་ལས་ཀྱི་བཅོས་སྐྱོང་གཏིང་ཟབ་པ། སྤོ་སྒུལ་འགོ་ཁུངས་དོ་དམ་སོགས་ལས་གཞི40ལྷག་ལག་བསྟར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་ཆུ་སྙིགས་ཕྱིར་ཕུད་སའི“རི་མོ་གཅིག་དང་རེའུ་མིག་གཅིག་རྩིས་ཐོ་གཅིག”གི་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། ཆུ་སྙིགས་ཕྱིར་ཕུད་སའི་ཆ་འཕྲིན་དང་གྲོང་ཁྱེར་དོ་དམ་དྲ་རྒྱGISཡི“རི་མོ་གཅིག”མངོན་འགྱུར་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་འགོག་བཅོས་རྒྱང་བསྟེན་སྐོར་ཞིབ་མ་ལག་དྲ་ཐོག་ནས་འཁོར་སྐྱོད་བྱས་ཏེ། ཉེན་ཁ་དང་འབྲེལ་བ་ཡོད་པའི་བེད་མེད་དངོས་རྫས་ཐག་གཅོད་བྱེད་པའི་གཙོ་གནད་ཁེ་ལས་དང་འཚོ་བའི་གད་སྙིགས་ས་སྦས་བྱ་ཡུལ་ཕལ་ཆེར་ཡོངས་སུ་ཁེབས་ཐུབ་པར་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་།
