སྐྱེ་ཁམས་ལ་འཕོ་འགྱུར་བྱུང་བས་སྐྱེ་དངོས་ཀུན་གྱིས་
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་ནི་མཚོ་བོད་མཐོ་སྒང་གི་ལྟེ་བའི་ས་ཁོངས་གལ་ཆེན་ཞིག་ཡིན། གཙང་གསུམ་གྱི་འབྱུང་ཁུངས་ཡིན་པའི་ངོས་ནས། “ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་བྱེད་པའི་བླ་མེད་འགན་འཁྲི་ཕྲག་ཏུ་བླངས་ཡོད་ཅིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན། དེའི་སྐྱེ་ཁམས་གོ་གནས་དམིགས་བསལ་དང་གལ་ཆེ་ཞིང་། སྐྱེ་ཁམས་འགན་འཁྲི་གལ་ཆེན་དང་དཀའ་ཚེགས་ཆེ་བ་ཞིག་ཡིན་པས། མཚོ་བོད་མཐོ་སྒང་ནི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་མགྱོགས་མྱུར་ངང་བསྐྲུན་རྒྱུ་དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་རེད
2024ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས“གཙང་གསུམ་འབྱུང་ཡུལ་ཞེས་པའི‘ཀྲུང་ཧྭའི་ཆུ་ལྕོག’འདིར་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ། ཆུ་ཁུངས་གསོ་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་།རྒྱལ་ཁབ་སྤྱི་གླིང་བྱེད་པོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་མཚོན་བསྐྲུན་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ”ནན་གྱིས་བསྟན་ཡོད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་བཞིན་པའི་ཞིང་ཆེན་ཁོ་ན་ཡིན་པའི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཤིང་།《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》དོན་འཁྱོལ་ནན་ཏན་བྱས་ཏེ། “ཀྲུང་ཧྭའི་ཆུ་ལྕོག”ལྟ་སྲུང་མཁན་གྱི་ལས་འགན་ལྕི་མོ་བློ་ཐག་རྦད་ཆོད་ཀྱིས་ཁུར་བ་དང་རྒྱལ་ཁབ་སྤྱི་གླིང་བྱེད་པོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་བསྐྲུན་པར་འབད་བརྩོན་བྱས་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་ཁོངས་དང་པོ་ཡིན་པའི་ངོས་ནས། མཚོ་སྔོན་གྱིས“མགོ་ཁོངས”ཀྱི་འགན་འཁྲི་དང་གཙོ་རྒྱུན་གྱི་འགན་འཁྲི་དཔའ་ངར་གྱིས་ཁུར་ནས་དེའི་འཛུགས་སྐྲུན་དེ“བཟོ་འགོད་ཨང་དང་པོའི”གྲས་སུ་བཞག་ཡོད་ལ། བསྒྱུར་བཅོས་གསར་གཏོད་བྱེད་ཐབས་རབ་དང་རིམ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཕྱོགས་བསྡུས་ཀྱིས་ཐབས་ཇུས་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ལ་སྤུས་ཚད་ཕྱོགས་ནས་འགྱུར་ལྡོག་ཆེན་པོ་བྱུང་བས། དེའི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཕྱོགས་ཡོངས་ནས་འཕར་ཡོད། ནགས་ཚལ་དང་རྩྭའི་ཁེབས་ཚད74%ལས་བརྒལ་པ་དང་། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཚད20%མི་ལོངས་པ་ནས80%ཡན་དུ་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ལ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད2020ལོར61.9%ལ་སླེབས་ཏེ2015ལོ་ལས4.6%མཐོ་རུ་ཕྱིན་པ་དང་།བརླན་སའི་སྔོ་ཁེབས་ཚད66%ཡས་མས་སུ་བརྟན་འཇགས་བྱུང་ཡོད།
རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་དང་། གཙོད་ནི་སྲུང་སྐྱོབ་བྱེད་མགོ་བརྩམས་པའི་དུས་སུ་ཁྲི2ལ་མི་ལོངས་པ་ནས་ཁྲི7ལྷག་བར་སྐྱེ་འཕེལ་བྱུང་སྟེ། སྟོངས་ཉེན་སྲོག་ཆགས་ཀྱི་རིམ་པ་ནས་ཉེན་ཁ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བདེ་བླག་ངང་དམའ་རུ་ཕྱིན་ཡོད། དེ་སྔ་མཐོང་དཀོན་པའི་གསའ་དང་གསེར་གཟིག སྲམ་བཅས་ཡང་ཡང་མངོན་པ་དང་། ཤྭ་སྐྱ་དང་། འབྲོང་། རྐྱང་བཅས་གཙང་པོའི་མགོ་ཁུངས་སུ་བག་ཕེབས་ངང་རྒྱུ་ཞིང་། རྔོན་ཁྲ་དང་། ཁྲུང་ཁྲུང་སྐེ་ནག གསེར་གླག་སོགས་འདབ་ཆགས་གཏུམ་པོ་ནམ་མཁའི་དབྱིངས་སུ་ལྡིང་སྐོར་རྒྱག་ལ། ཁྲི་ལེ་དང་སྦྲེ་སོགས“དྲ་གྲགས་སྲོག་ཆགས”རྩྭ་ཐང་དུ་རྒྱུད་སྤེལ་བྱས་ཏེ་ཇེ་མང་དུ་འགྲོ་བཞིན་ཡོད།
མཚོ་སྔོན་པོའི་བྱང་ཤར་ངོགས་ཀྱི་ཁུ་ཐུའུ་བྱེ་ཁུལ་གྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ8དང་ཤར་ནུབ་ཀྱི་ཞེང་ཚད་སྤྱི་ལེ2ཡིན། མཚོ་སྔོན་པོའི་ཆུ་དང་དྲང་ཐིག་བར་ཐག་སྤྱི་ལེ3ཙམ་ཡིན།མཚོ་བོད་ལྕགས་ལམ་དང་དྲང་ཐིག་བར་ཐག་སྨི500ཡང་མེད། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུ་པ་ནས་བཟུང་ཁུ་ཐུའུ་བྱེ་ཁུལ་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ཞིང་རྩྭ་ས་ཞན་འགྱུར་བྱུང་ལ། ཆུ་ལམ་ལ་དུས་ཚིགས་རང་བཞིན་གྱི་ཆུ་རྒྱུན་ཆད་པས། རྩྭ་ཐང་བྱེ་འགྱུར་གྱིས་མཚོ་བོད་ལྕགས་ལམ་དང་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད། ལོ་མང་པོའི་རིང་ལ། ཁུ་ཐུའུ་བྱེ་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བྱང་གསུམ་བཟོ་འགོད་དང་རང་བྱུང་སྲུང་སྐྱོབ་བཟོ་འགོད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་གཞི་སྔ་རྗེས་སུ་ལག་བསྟར་བྱས་ཡོད། ལོ་ངོ13རིང་ལ་ཁུ་ཐུའུ་བྱེ་ཁུལ་བརྟན་སྲུང་བྱེད་མཁན་གྱི་སྐྱེ་ཁམས་བདག་སྐྱོང་པ་ཧྭ་ཧྲི་ཚའེ་ཡིས་དེ་གའི་འགྱུར་ལྡོག་ཕྲ་མོ་ཙམ་ལའང་དོ་སྣང་བྱས་ཡོད་དེ། བྱེ་ཁུལ་དེ་རིམ་བཞིན་ལྗང་མདོག་ཏུ་གྱུར་པ་དང་། རྩྭ་ཤིང་མེད་པའི་ས་ཐེར་ནས་ལྗང་མདོག་གླིང་ཕྲན་དུ་གྱུར་པ་མཐོང་།“ཐོག་མར་ཡུལ་དེར་སླེབས་སྐབས། མིག་གིས་མཐོང་ཚད་བྱེ་མ་རེད། རླུང་བུ་ལྡང་ཚེ་མིག་ཀྱང་འབྱེད་མི་ཐུབ། ལུས་ཡོངས་སུ་བྱེ་ཟེགས་འབྱར་ཞིང་། སྲོག་ལྡན་སྐྱེ་དངོས་ཤིག་མཐོང་ཐུབ་རྒྱུ་དཔེ་མེད། དེང་སྐབས་འདི་རུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ” 2024ལོར་མཚོ་སྔོན་པོར་ཐོག་མར་བཞད་དཀར་དང་གསའ་སོགས་མཚེའུ་འགྲམ་དུ་མངོན་པ་ལྟ་ཞིབ་བྱེད་ཐུབ་ཡོད་པ་དང་། མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་ཏུན་ཁྲི12.03ལ་སླེབས་ཤིང་། འབབ་སྡོད་ཆུ་བྱའི་རིགས282དང་གྲངས་འབོར་ཁྲི60.6། དགོ་སྐྱ3400ལྷག་འཚོ་སྡོད་ཁུལ་དུ་མཆོང་ལྡིང་བྱེད་པས།“ཆུ་དང་རྩྭ་དང་ཉ་དང་འདབ་ཆགས་དང་གཅན་གཟན”བཅས་མཉམ་འཚོ་བྱེད་པའི་སྐྱེ་ཁམས་མ་ལག་དོ་སྙོམས་ཀྱི་ཕྱོགས་སུ་འཕེལ་བཞིན་ཡོད།
མིག་སྔར། ཞིང་ཆེན་ཡོངས་སུ་རང་བྱུང་སྲུང་སྐྱོབ་ཁུལ17ཡོད་པ་དང་། དེ་དག་ནི་ནགས་ཚལ་དང་རི་སྐྱེས་སྲོག་ཆགས། རྩི་ཤིང་། བརླན་ས། བྱེ་ཐང་སོགས་ཀྱི་སྐྱེ་ཁམས་སྐོར་རེད། རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི18%ཡས་མས་ཟིན་ཡོད་པས། རང་བྱུང་སྲུང་སྐྱོབ་ཁུལ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཡུལ་ས་གལ་ཆེན་དང་སྐྱེ་ཁམས་སྤུས་རྟགས་ཤིག་ཏུ་གྱུར་ཡོད།
དེང་སྐབས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བྱེད་པོ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི།རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བཅས་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ། རང་བྱུང་སྐྱེ་ཁམས་དང་རང་བྱུང་ཐོན་ཁུངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད། 2024ལོར་མཚོ་སྔོན་གྱིས་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་གསའ་ཡི་ཁྱུ་ཚོགས་ལ་དཔྱད་དཔོག་ཐེངས་དང་པོ་ལེགས་འགྲུབ་བྱུང་བ་དེ་ནི་མིག་སྔར་གོ་ལ་ཧྲིལ་པོར་དངོས་སུ་སྤེལ་བའི་ཚད་གཞི་ཆེ་ཤོས་ཀྱི་གསའི་གྲངས་འབོར་བརྟག་དཔྱད་བྱས་འབྲས་ཀྱང་རེད། བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། གཙང་གསུམ་འབྱུང་ཡུལ་དུ་གསའི་ཁྱུ་ཚོགས1002ཙམ་ཡོད། གཞན་ཡང་། ད་ལོར་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་སྐྱ་སོགས་འདབ་ཆགས་རིགས་ཀྱིས་ས་གནས་དེ་གར་དགུན་བརྒལ་བཞིན་པ་ཐོག་མར་ལྟ་ཞིབ་ཚད་ལེན་བྱས། གསོན་ཤུགས་དང་རེ་བས་ཁེངས་པའི་མཚོ་སྔོན་གྱི་ས་གཞི་འདི་རུ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གོམ་འགྲོས་མཉམ་ལ་སྟོབས་ཤུགས་ལྡན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འཐབ་ལམ་གསར་པའི་ཕྱོགས་སུ་སྐྱོད་ཀྱིན་ཡོད། །