པར་རིས་གསར་འགྱུར།
发布时间:2025年03月24日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཟླ་གསུམ་པའི་ཟླ་མགོར་དཔྱིད་རླུང་དལ་གྱིས་ལྡང་བ་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་ནི་དགུན་ཟླ་རིང་མོའི་གྲང་ངར་ལས་སད་པ་བཞིན། ཆུ་བོའི་འགྲམ་དར་ལྷུང་སྟེ་ཤག་ཤག་གི་བཞུར་སྒྲ་སྙན་ལ། སྤང་རྩྭ་སྐྱའི་གསེང་ལ་ལྗང་བུ་འབུས་ཏེ་ཚེ་སྲོག་ལ་སྐྱེ་སྟོབས་རྒྱས་ཚུལ་མཐོང་། དེ་འདྲའི་གསོན་ཤུགས་ཀྱིས་ཁེངས་པའི་ཡུལ་གྲུ་དེ་ལ། ཁྱད་མཚར་བའི་དགྱེས་འཛོམས་ཤིག་གི་སྟ་གོན་རྩོམ་པ་ལྟར། ནང་ཆེན་རྫོང་གི་རིམ་པ་གཉིས་པའི་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་ཀུན། དཔྱིད་ཀྱི་དཔལ་མོའི་འབོད་བརྡ་འབྱོར་བ་ལྟར་ག་ས་གང་དུ་རྒྱུ། དེ་དག་གི་ཁྲོད་དུ་དགོ་བ་དང་བྱ་ཝང་། ཝ་དང་བྱ་རྒོད་སོགས་ཡོད་ལ། དེ་དག་ནི་རང་བྱུང་ཁམས་ཀྱིས་ནང་ཆེན་ལ་སྐྱེས་སུ་བསྟབས་པའི་ནོར་བུ་ལས་མ་འདས། རི་ཀླུང་དང་གཙང་བོ། སྤང་ཐང་གིས་ཁེངས་པའི་ཡུལ་གྲུ་འདིར་གཅིག་ལ་གཅིག་རྟེན་དུ་འཚོ་ཞིང་གནས་པ་ལས། འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཀྱི་རི་མོ་ཡག་པོ་ཞིག་གྲུབ་ཡོད་ལ། སྲོག་ཆགས་དེ་དག་གི་ལྡེམ་མྱུར་གྱི་གྲུང་གཤིས་དང་རང་དབང་གི་འཕུར་རྒྱུག་ལས་ཚེ་སྲོག་གི་གཞོམ་གཞིག་བྲལ་བའི་སྐྱེ་སྟོབས་དང་མཚར་སྡུག་དེ་མཐོང་བར་མ་ཟད། ང་ཚོར་རང་བྱུང་ཁམས་ཆེན་མོའི་ངོ་མཚར་ཞིང་རླབས་ཆེ་བའི་ངང་ཚུལ་དེའང་སྟོན་ནོ། །  སྤང་ཐང་གི་ཝ་མོ་ཁེར་འགྲོ། རྫི་གསང་དོད་པའི་དགོ་བ། རྫ་བྲག་ལ་འཁོར་བའི་གནའ་ཁྱུ། སོས་དལ་བག་ཕེབས་ཀྱི་བྱ་ཝང་།