སྐྱེ་ཁམས་ལ་བརྟེན་ནས་སུམ་མདོར་འགྱུར་ལྡོག་གསར་པ་བྱུང་ཡོད།
发布时间:2025年03月25日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 





སྐྱེ་ཁམས་ལ་བརྟེན་ནས་སུམ་མདོར་འགྱུར་ལྡོག་གསར་པ་བྱུང་ཡོད།

“གཞིས་ཀའི་ས་གྱང་དེ་སོ་ཕག་གི་གྱང་དུ་གྱུར་པ་དང་། ཤིང་སྒོ་ལྕགས་སྒོར་བརྗེས་ལ། སྒོ་ཁའི་ས་ལམ་ཡང་སྲ་བསྒྱུར་བྱས་ཡོད། འདི་དག་ཚང་མ་ཏང་དང་སྲིད་གཞུང་གིས་ང་ཚོར་ཕན་བཏགས་པའི་བཟང་ཆ་རེད”ཅེས་ལྷ་སྲུང་ཆོས་རྒྱལ་གྱི་བབ་ཆགས་པའི་སྐད་ཆ་འདི་ལ་བརྟེན་ནས་ལོ་ངོ་འདི་དག་གི་རིང་རང་ཉིད་ཀྱིས་མཐོང་བའི་སྡེ་གྲོང་དང་ཁོ་ཚང་གི་འགྱུར་ལྡོག་བརྗོད་བྱུང་།

ཉེ་ཆར། ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་དེ་མདུན་ཕྱོགས་ཀྱི་སུམ་མདོ་ཟམ་པ་བརྒལ་བ་ན། ཐུན་མོང་མ་ཡིན་ཞིང་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཞང་གི“སུམ་མདོ་སྡེ་བ”ཞེས་བྲིས་ཡོད་པའི་སྒོ་ཆེན་དེ་མཐོང་། སྡེ་ལམ་གྱི་འགྲམ་ངོགས་གཉིས་སུ་བོད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གྱང་དམའ་མོ་ཞིག་དྲང་མོར་རིང་དུ་བསྲིངས་ལ། བསྣོལ་མར་མཛེས་པར་ཆགས་པའི་གཞིས་ཀ་དག་ལ་ལྷག་ཏུ་བོད་ཀྱི་སྡེ་གྲོང་གི་ཐུན་མོང་མ་ཡིན་པའི་ཆ་ལྡན།

སྡེ་མི་ལྷ་སྲུང་ཆོས་རྒྱལ་ཚང་གིས་མེ་ཐབ་གསོས་ཡོད་པས་ཁང་པའི་ནང་དུ་དྲོད་ལམ་ལམ་ཞིག་རེད། མདུན་ཅོག་སྟེང་དུ་ཁོ་ཚང་གིས་བཙོས་པའི་གོར་དམར་བསྒྲིགས་ཡོད་པ་སོགས་ནང་དུ་དྲོད་སྣང་གིས་ཁེངས་འདུག “སྔོན་ཆད་དགུན་ཁ་སླེབས་དུས་ཁང་པའི་ནང་ཤིན་ཏུ་འཁྱགས། ད་ལྟ་ཧ་ཅང་དྲོ་ལ་དགུན་ཁར་ཡང་ལུས་ནས་རྔུལ་ཆུ་བཞུར་བའི་སྐབས་ཡོད”ཅེས་ལྷ་སྲུང་ཆོས་རྒྱལ་གྱིས་ཐོད་པའི་སྟེང་གི་རྔུལ་ཆུ་འབྱིད་ཞོར་དུ་དེ་ལྟར་བཤད།

ལྷ་སྲུང་ཆོས་རྒྱལ་ཚང་གི་བཟའ་མི་གསུམ་པོས་ལོ་ངོ་མང་པོར་ཕྱུགས་འཚོས་ནས་འཚོ་བ་རོལ་བ་རེད། རྗེས་སུ་ཁོའི་ཆུང་མ་དང་བུ་གཉིས་ཀ་དབང་པོ་སྐྱོན་ཅན་དུ་གྱུར་པས། ཁྱིམ་ཚང་གི་ལས་འགན་ལྗིད་མོ་ཁོ་གཅིག་པུའི་ཕྲག་སྟེང་དུ་བབས་ནས་འཚོ་བ་དཀའ་སྡུག་གི་གནས་སུ་ལྷུང་། “སྡེ་བའི་ལས་བྱེད་པའི་རོགས་རམ་འོག་ང་རང་སྡེ་བའི་ནང་གི་གཙང་སྦྲ་པར་གྱུར་པ་དང་། ངའི་བུའང་སུམ་མདོ་ནགས་རའི་སྐྱེ་ཁམས་བདག་སྐྱོང་པར་གྱུར་པས། རང་ཚང་གི་སྒོ་ཁ་ནས་གཏན་འཇགས་ཀྱི་བྱ་བ་འདི་འདྲ་ཡོད་པ་ལ་བཀའ་དྲིན་ཆེ་བར་བསམས་ཡོད”ཅེས་ལྷ་སྲུང་ཆོས་རྒྱལ་གྱིས་ཕྱིར་དྲན་བྱས་ནས་དེ་ལྟར་བཤད།

“ལོ་འདི་དག་གི་རིང་ལ། ངེད་ཚང་མ་མཐའི་འགན་སྲུང་ཁྱིམ་ཚང་གི་གྲས་སུ་བཞག་ཡོད་པས་ཟླ་རེར་སྒོར་སྟོང་གཅིག་ལྷག་གི་ཡོང་སྒོ་ཡོད་པར་མ་ཟད། སྡེ་མི་གཞན་པ་དང་འདྲ་བར་སྲིད་གཞུང་གིས་སྦྱིན་པའི་རྩྭ་སའི་ཁ་གསབ་དང་རྨོ་འདེབས་ཁ་གསབ་ཡོད་པས། ལོ་གཅིག་ལ་ཡོང་སྒོ་སྒོར་ཁྲི་གསུམ་ལྷག་ཡོད”ཅེས་ལྷ་སྲུང་ཆོས་རྒྱལ་དགའ་ནས་བཤད།

ལྷ་སྲུང་ཆོས་རྒྱལ་དང་འགྲོགས་ནས་ཁོ་ཚང་གི་ཁང་པ་གཞན་ཞིག་གི་ནང་དུ་སོང་བ་ན། ཁོས་བཤད་ཞོར་དང་ལག་བརྡ་སྟོན་ཞོར་དུ“སྔོན་ཆད་ཁང་པ་འདི་ཕྱུགས་ཁང་ཡིན། གཞུག་ནས་བསྐྱར་ལས་བྱས་པའི་ཁར་མཛེས་རྒྱན་བྱས་པས་ད་ལྟའི་གཙང་ཞིང་མཛེས་པ་འདིར་གྱུར་ཡོད”ཅེས་བཤད།
སུམ་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་དགའ་ཚང་རབ་བརྟན་གྱིས་ལོ་ངོ་མང་པོའི་རིང་གི་འགྱུར་ལྡོག་རེ་རེ་གསལ་པོར་མཐོང་ཡོད།“སྔོན་ཆད་ཡིན་ན་སྡེ་བའི་ནང་གི་རྨང་གཞིའི་སྒྲིག་བཀོད་ཚང་མ་འཐུས་ཚང་མིན། ཆུ་གློག་ལམ་གསུམ་ཚང་མས་འཚོ་བའི་མ་མཐའི་དགོས་མཁོ་སྐོང་མི་ཐུབ”ཟེར།
“ད་ལྟ། ཏང་དང་སྲིད་གཞུང་གི་སྲིད་ཇུས་ཀྱི་རོགས་སྐྱོར་འོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི་རེ་རེ་ལག་ཐོག་ཏུ་བཀོལ་ནས། རང་འབབ་ཆུ་ཐབ་ཀའི་འགྲམ་དང་ཁ་པར་ཁྱིམ་ཚང་རེ་རེར་འཐེན་པ་དང་། སྡེ་ལམ་དང་གཞུང་ལམ་ཚང་མ་ངོས་སྙོམས་པའི་སྲ་ལམ་དུ་བསྒྱུར་ཡོད”ཅེས་ལྷ་དགའ་ཚང་རབ་བརྟན་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།
“སྲིད་ཇུས་བཟང་པོར་བརྟེན་ནས་སྡེ་བའི་ནང་གི་གསོ་སྤེལ་ལས་རིགས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་། ད་ལྟ་སྡེ་བ་ཧྲིལ་པོར་གསོ་སྤེལ་ཁྱིམ་ཆེན་བཅུ་ཕྲག་ཅིག་ཡོད།” སྡེ་བའི་ནང་གི་ཁྱིམ་ཚང་རེ་རེའི་གཏམ་རྒྱུད་བརྗོད་སྐབས་ལྷ་དགའ་ཚང་རབ་བརྟན་གྱི་སྐད་གདངས་ཇེ་ཆེ་ནས་ཇེ་ཆེ་རེད། “སྡེ་མི་ལི་རྡོ་རྗེ་ཚེ་བརྟན་ཚང་ལ་དང་ཐོག་ལུག་བཅུ་ཕྲག་ཅིག་ལས་མེད་མོད། འོན་ཀྱང་ཐོན་ལས་དབུལ་སྐྱོར་དང་དངུལ་རྩའི་རོགས་སྐྱོར་གྱི་སྲིད་ཇུས་བཟང་པོར་བརྟེན་ནས། ལོ་ངོ་ལྔའི་རིང་ལ་ཁོ་ཚང་གི་ལུག་གྲངས་བརྒྱ་ལས་བརྒལ་བ་དང་། ད་ལྟའི་བར་དུ་ཁོ་ཚང་གི་ལུག་གྲངས་ཉིས་བརྒྱ་ལྷག་ལ་སླེབས་ཡོད།”
“སྡེ་མི་མང་པོ་ཞིག་གིས་རླངས་འཁོར་ཉོས་ཡོད་ལ། འགའ་ཤས་ཀྱིས་རྫོང་མཁར་དུ་ཁང་པ་ཉོས་ཡོད། དཔལ་འབྱོར་གྱི་ཆ་རྐྱེན་དང་འཚོ་བའི་ཆུ་ཚད་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་ལྷ་དགའ་ཚང་རབ་བརྟན་གྱིས་དེ་ལྟར་བཤད།
སྡེ་མི་རྣམས་ཀྱི་འཚོ་བ་ཉིན་རེར་ཇེ་སྐྱིད་ཡིན་ལ་སྡེ་བའི་འཕེལ་རྒྱས་ཀྱང་ཇེ་མགྱོགས་རེད། ད་ལྟ། སུམ་མདོ་སྡེ་བས“དབུལ་ཕོངས་སྡེ་བའི”ཞྭ་མོ་ཕུད་དེ་རང་བྱུང་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཧུར་བརྩོན་གྱིས་འཚོལ་སྙེག་བྱས་ཏེ། མིག་རྒྱང་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ལ་གཏོད་རྩིས་ཡོད།
ལོ་རེའི་དབྱར་ཁར་སུམ་མདོ་སྡེ་བ་རུ་ཆུ་མོ་ལྷུང་ལྷུང་དུ་བཞུར་ཅིང་སྟག་མའི་མེ་ཏོག་གང་སར་བཞད་ནས་བབ་ཆགས་པའི་གནའ་སྡེ་དེར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། “2023ལོར། ང་ཚོས་སུམ་མདོ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིAAAརིམ་པའི་ལྗོངས་ཁུལ་དུ་རེ་ཞུ་བྱས་པ་བདེ་བླག་བྱུང་བས། ང་ཚོས་སྲོལ་རྒྱུན་གྱི་འདེབས་འཛུགས་གསོ་སྤེལ་ལས་རིགས་གཉེར་ཆོག་ལ། ཁྱིམ་ཚང་གི་སྒོ་ཁ་རུ་སྐྱེ་ཁམས་ཡུལ་སྐོར་གཉེར་ཆོག་པས། སྡེ་མི་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད”ཅེས་ལྷ་དགའ་ཚང་རབ་བརྟན་གྱིས་དེ་ལྟར་བཤད།
“ང་ཚོས་ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་གིས་ཞིང་པའི་སྤྲོ་སྐྱིད་ཁང་དང་ཟས་སྲེག་སྒར་ས་གཉེར་བར་སྐུལ་སློང་བྱས་པ་ཡིན། དུས་མཚུངས་སུ་སྡེ་མི་རྣམས་ལ་གཅིག་གྱུར་འཆར་འགོད་ཀྱིས་ཚོང་ཟོང་བཤམས་ས་རུ་སྐམས་ལུག་ཤ་དང་ཕག་ཤ གོ་རེ་སོགས་རང་ཡུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་འཚོང་བར་སྐུལ་མ་བཏང་སྟེ། ཡུལ་སྐོར་པའི་རྩེད་འཇོའི་ཉམས་ལེན་ཇེ་ལེགས་དང་ཞིང་པའི་དཔལ་འབྱོར་ཕན་འབྲས་མཐོར་འདེགས་སུ་གཏོང་བཞིན་ཡོད”ཅེས་སུམ་མདོ་ཞང་རྩ་འཛུགས་ཨུ་ཡོན་ཚའེ་ཡན་ཧུའེ་ཡིས་དེ་ལྟར་བཤད། ད་ལྟ། ཕྱུག་པོར་གྱུར་ཡོད་པའི་སྡེ་བ་སོ་སོའི་མང་ཚོགས་ཀྱིས་སེམས་བསམ་པའི་གཏིང་ནས་ཏང་ལ་བཀའ་དྲིན་ཞུ་བ་དང་སྤྱི་ཁྱབ་ཧྲུའུ་ཅིར་བཀའ་དྲིན་ཞུ་བཞིན་ཡོད།
ཐོན་ཁུངས་ཀྱི་རང་སྤུས་དང་སྐྱེ་ཁམས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ཡོད་པས། སུམ་མདོ་ཞང་གི་ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་ཇེ་ཡངས་ནས་ཇེ་ཡངས་རེད། “སུམ་མདོ་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དུ་དམངས་སྲོལ་ཡུལ་སྲོལ་དང་གནས་ཤུལ་རྗེས་ཤུལ། གྲོང་གསེབ་ཞིང་ར། སྐྱེ་དངོས་མཛེས་ལྗོངས་བཅས་གཞི་གཅིག་ཏུ་འདུས་ཡོད་པས། ང་ཚོས་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོབ་དང་སྟག་མའི་མེ་ཏོག་ཐང་གི་ལྟད་མོ། སྤྲོ་གསེང་ཁམས་གསོ། དམངས་སྲོལ་རིག་གནས་ཉམས་ལེན་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས། ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་རིག་གནས་ཀྱི་ཡུལ་སྐོར་བྱེད་ས་ཞིག་སྔར་བས་ལེགས་པོར་བསྐྲུན་ཏེ། རི་ཆུ་ནགས་གསུམ་དང་ཞིང་ཁ་རྩྭ་ཐང་དེ་དག་ཕྱུག་འགྱུར་གྱི་ཆེས་ཆེ་བའི་གཏིང་ཤུགས་སུ་བསྒྱུར་རྒྱུ་ཡིན”ཞེས་ཚའེ་ཡན་ཧུའེ་ཡིས་བཤད།
“ད་ལྟ། ལྗོངས་ཁུལ་གྱི་སྙན་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས། ལྗོངས་ཁུལ་དུ་ཡོང་མཁན་གྱི་ཡུལ་སྐོར་པ་ཇེ་མང་ཡིན་པས། སུམ་མདོ་སྡེ་བས་དུས་བསྟུན་ལྷན་བསྐྱོད་སྒོས་རིག་གནས་ཀྱི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་བཞིན་ཡོད། ཡུལ་སྐོར་དུས་གཞོང་དུ་ཐོན་དུས། ཏང་རྩ་འཛུགས་ཀྱི་སྣེ་འདྲེན་འོག་ཚང་མར་སྐུལ་སློང་བྱས་ཏེ་སྡེ་བ་ཧྲིལ་པོའི་གོང་འོག་ཚང་མས་ཡུལ་སྐོར་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་འབད་བརྩོན་བྱ་རྒྱུ་ཡིན”ཞེས་ལྷ་དགའ་ཚང་རབ་བརྟན་གྱིས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཏེ་བཤད། །