ཚེ་སྲོག་ལ་བརྟེན་ནས་ཚེ་སྲོག་སྲུང་བ།
— རྒྱལ་ཡོངས་ཀྱི་ལས་གནས་སྟེང་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་ལེགས་དམག་མི་སྐོར་བཅུ་པ་ངག་དབང་བསྟན་པའི་གནས་ཚུལ་བཀོད་པ།
发布时间:2025年04月18日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“ང་ཚོས་སྐོར་སྲུང་བྱེད་ཐེངས་གཅིག་ཇེ་མང་དུ་བཏང་ན་ཨ་ཆེན་གངས་རྒྱབ་ཀྱི་བདེ་འཇགས་ཀྱང་གཅིག་གིས་ཇེ་མང་དུ་འགྲོ། ཉེ་བའི་ལོ་བཅུ་ལྷག་ལ། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་གྱི་མངའ་ཁོངས་སུ་གཙོད་ལྐོག་རྔོན་བྱེད་པའི་གྱོད་གཞི་གཅིག་ཀྱང་བྱུང་མེད། གཙོད་ཀྱི་རིགས་ཁྱུའི་གྲངས་འབོར་བརྟན་བརླིང་ངང་ཇེ་མང་དུ་སོང་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ཡོད། གཟི་བརྗིད་དེ་ཐུན་མོང་ལ་དབང་བ་དང་། དེ་ནི་ང་ཚོ་ཉེན་རྟོག་པ་ཚང་མའི་བརྟན་སྲུང་དང་རྔུལ་ཆུ་ལས་ཐོབ་པ་ཞིག་ཡིན།”ཟླ3པའི་ཟླ་མཇུག་ཏུ། གསར་འགོད་པས་རྒྱལ་ཡོངས་ལས་གནས་སྟེང་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་ལེགས་དམག་མི་སྐོར་བཅུ་པ་ངག་དབང་བསྟན་པ་ལ་བཅར་འདྲི་བྱེད་སྐབས་ཁོས་དེ་ལྟར་བཤད།
ངག་དབང་བསྟན་པ་ནི་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཨ་ཆེན་གངས་རྒྱབ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡིན་པ་དང་།2012ལོ་ནས་ད་རག་བར་ཨ་ཆེན་གངས་རྒྱབ་ཏུ་ལོ13རིང་བྱ་བ་བསྒྲུབས། ཁོ་དང་འཕྲད་རྒྱུ་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད། འཚམས་འདྲིར་ཕྱིན་ཐེངས་རེར་ཡང་མིན་ན་ཁོ་རང་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་དུ་སྐོར་སྲུང་གི་ལས་འགན་བསྒྲུབ་ཏུ་སོང་བ་དང་། ཡང་མིན་ན་ཨ་ཆེན་གངས་རྒྱབ་མཐའ་འཁོར་ས་ཁུལ་དུ་མཉམ་འབྲེལ་ཁྲིམས་འཛིན་ནམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱེད་དུ་སོང་ཡོད།
རི་ལ་སྐོར་ཞིབ་བྱེད་པ་ནི་རྣམ་པ་ཙམ་མིན་པར། དེ་ནི་ཚེ་སྲོག་ལ་བརྟེན་ནས་ཚེ་སྲོག་སྲུང་བ་ཞིག་རེད།ངག་དབང་བསྟན་པ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་སྐྱེས་པ་ཞིག་ཡིན་ལ། ཨ་ཆེན་གངས་རྒྱབ་ཏུ་མ་སླེབས་གོང་ནས་ཁོ་རང་ཡུས་ཧྲུའུ་རུ་ལོ་བཅུ་ལྷག་ལ་ནགས་ཚལ་ཉེན་རྟོག་པ་བྱས་མྱོང་། མ་གཞི་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནི་རྒྱུན་ལྡན་ཞིག་ཏུ་སྣང་མོད། འོན་ཀྱང་ཨ་ཆེན་གངས་རྒྱབ་ཀྱི་རི་མགོར་སྐོར་ཞིབ་ཏུ་བསྐྱོད་སྐབས་ཁོ་ལ“བསླབ་བྱ”ཟབ་མོ་ཞིག་ཐོབ།རི་ལ་སྐོར་ཞིབ་ཐེངས་འགའ་བྱས་རྗེས། ངག་དབང་བསྟན་པས་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་བྱེད་པ་ནི་ངར་ཤུགས་ཁོ་ནར་བརྟེན་མི་རུང་བར། ཕུན་སུམ་ཚོགས་པའི་ཤེས་བྱ་དང་ཉམས་མྱོང་འཛོམས་དགོས་པ་ཤེས་པས། ཁོས་ཁེངས་སྐྱུང་གིས་རི་བོ་སྐོར་ཞིབ་ཀྱི་རུ་མི་རྒན་རབས་པར་བཀའ་འདྲི་ཞུས་པ་དང་། ཨ་ཆེན་གངས་རྒྱབ་ཀྱི་རི་ཀླུང་གི་ཆགས་སྟངས་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁྱབ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། ཉམས་མྱོང་ཕྲན་བུ་བསགས་ཏེ་རྗེས་ཕྱོགས་ཀྱི་ལས་དོན་ལ་རྨང་གཞི་ཡག་པོ་བཏིངས།ཨ་ཆེན་གངས་རྒྱབ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཡིན་པས། ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་ཡག་པོ་བྱ་ཆེད། ངག་དབང་བསྟན་པས་རུ་མི་ཚོའི་སྣེ་ཁྲིད་དེ་རི་ལ་སྐོར་ཞིབ་བྱེད་ཐེངས་ཇེ་མང་དང་ཤུགས་ཚད་ཇེ་ཆེར་བཏང་ཞིང་། ཁོས་དཔུང་སྡེ་ལ་ཟླ་རེར་ཉུང་མཐའ་ཡང་ཨ་ཆེན་གངས་རྒྱབ་དབུས་ཁུལ་དུ་སྐོར་ཞིབ་ཐེངས་གཅིག་བྱེད་དགོས་པའི“དམག་མིའི་བཀའ་རྒྱ”བཏང་། འབད་བརྩོན་དེར་བརྟེན་ནས། 2024ལོར་ཁོ་ཚོས་གཞི་ཁྱོན་ཆེ་བའི་རི་ལ་སྐོར་ཞིབ་ཀྱི་ལས་འགན་ཐེངས14ལེགས་འགྲུབ་བྱས་ཏེ། ཡུལ་གྲུ་དེའི་བདེ་འཇགས་སྲུང་སྐྱོབ་བྱས།རང་བྱུང་གི་སྲུང་ཡོལ་དེ་མེད་ན། ང་ཚོ་འཛིང་རགས་དེ་བྱས་ཆོགཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད། རི་དྭགས་ལྐོག་རྔོན་པར་རྡུང་རྡེག་གཏོང་རྒྱུ་ནི་ངག་དབང་བསྟན་པའི་ལས་འགན་གལ་ཆེ་ཤོས་ཀྱི་གྲས་ཡིན། ཉེས་ཅན་ཤོར་དུ་མི་འཇུག་པའི་ཡིད་ཆེས་བརྟན་པོ་བཅངས་ནས། ལོ་མང་རིང་བྲོས་བྱོལ་བྱས་པ་དང་། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྩ་ཆེན་རྔོན་པ་དང་འཛིན་པ་དང་གསོད་པ་བཅས་ཀྱི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་པའི་ལས་འགན་དང་ལེན་བྱས་རྗེས། ངག་དབང་བསྟན་པ་དང་འཐབ་གྲོགས་རྣམས་ཀྱིས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བ་རེད། ཟླ་བ་ཁ་ཤས་རིང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། ཉེས་གསོག་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར། གྱོད་གཞི་རྩད་གཅོད་བྱས་པ་དེས་ལྐོག་རྔོན་པར་འཇིགས་སྐུལ་ནུས་ལྡན་བཏང་བ་དང་མཐོ་སྒང་གི་སྲོག་ཆགས་ལ་བདེ་འཇགས་ཀྱི་འགོག་ཐིག་བསྐྲུན་ཡོད།ངག་དབང་བསྟན་པའི་སེམས་སུ་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཡག་པོ་བྱ་དགོས་ན། དྲིལ་སྒྲོག་སློབ་གསོ་ངེས་པར་དམ་འཛིན་ཡག་པོ་བྱས་ནས་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་གསལ་པོར་ཤེས་ཀྱིན་ཡོད། དེར་བརྟེན་ཁོས་ལོ་ལྟར་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ། ཨ་ཆེན་གངས་རྒྱབ་མཐའ་འཁོར་དུ་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱེད་ཀྱིན་ཡོད།ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་བྱེད་པར་མཐའ་འཁོར་ས་ཁུལ་དང་མཐུན་སྦྱོར་གྱིས་ནུས་ཤུགས་བཏོན་ན་ད་གཟོད་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་ཐུབ། 2014ལོའི་ཟླ6པར། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།ཞིན་ཅང་ཨར་ཅིན་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅས་ཀྱི་ལས་སྒྲུབ་མི་སྣས་གྲུབ་པའི་མཉམ་འབྲེལ་སྐོར་སྲུང་རུ་ཁག་གཙང་གསུམ་འབྱུང་ཡུལ་དང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཕྱིན་ཏེ་གཙོད་གནས་སྤོར་ཆེད་དམིགས་ཀྱི་སྲུང་སྐྱོབ་རི་སྐོར་བྱེད་སྒོ་སྤེལ། 2018ལོར་ངག་དབང་བསྟན་པས་ལས་བྱེད་པ་དང་ཉེན་རྟོག་པའི་སྣེ་ཁྲིད་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དང་མང་ཨེ་གྲོང་ཁྱེར་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རུའོ་ཆང་རྫོང་།བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་བཅས་སུ་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ།“ཁྲིམས་འགལ་གཏོར་བཤིག་བྱ་འགུལ་ལ་རྡུང་རྡེག་ནན་མོ་གཏོང་བའི་བྱ་འགུལ”གྱི་དྲིལ་སྒྲོག་སྤེལ།ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ནི་རུ་མི་རེ་རེ་དང་ཁ་འབྲལ་ཐབས་མེད།ཨ་ཆེན་གངས་རྒྱབ་ཏུ་ལས་ཀ་སྒྲུབ་ཡུན་རིང་ཚེ། སྐོར་ཞིབ་རུ་མི་རྣམས་ལ་སྒལ་ཚིགས་ཤ་གནད་ཀྱི་ནད་དང་ཕོ་བ་ན་བ་སོགས་ཀྱི་ནད་ཡོད་པ་ངག་དབང་བསྟན་པས་མཐོང་བའི་མོད་ལ་སེམས་སུ་ན་ཟུག་སྐྱེས་ཡོད། ཁོས་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ།དཔུང་སྡེའི་རི་མགོའི་སྐོར་ཞིབ་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད་བློ་གཅིག་སེམས་གཅིག་གིས་འབད་པ་བྱས། ཁོས་འབད་བརྩོན་བྱས་པར་བརྟེན། གཅེས་སེམས་ལྡན་པའི་ཁེ་ལས་དང་མི་སྣ་ཁག་གཅིག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་གྱི་ཕྱག་ཟུང་བརྐྱངས་ནས་རླངས་འཁོར་དང་། ཟས་རིགས། སྨན་རྫས་སོགས་དངོས་ཟོག་གིས་ཞལ་འདེབས་ཕུལ་བས། རི་ཞིབ་རུ་མི་ཚོའི་ལས་ཀའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད།ཡིན་ནའང་། དུས་ཡུན་རིང་པོར་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་བརྟན་སྲུང་བྱས་པས་ངག་དབང་བསྟན་པའི་ལུས་ཕུང་གིས་ཀྱང་ཁུར་པོ་ལྕི་མོ་ཐེག་ཐུབ་ཀྱིན་མེད། 2023ལོར་རི་ཁུག་ནས་ཐོན་ཏེ་གསོ་སྦྱོང་བྱེད་སྐབས་ཤིག་ལ། ངག་དབང་བསྟན་པར་གློ་བུར་དུ་ཀླད་ཁྲག་བརྡོལ་བ་དང་གནས་ཚུལ་ཛ་དྲག་ཡིན་སྟབས་སྨན་ཁང་དུ་བསྐྱལ། ནད་གཞི་ཚབས་ཆེན་ལྟ་སྐྱོང་ཁང་དུ་བསྡད་པ་དང་ཁོའི་ནད་གཞི་ཉེན་ཁ་ཆེ་བས་སྨན་པས་ནད་གཞི་ཚབས་ཆེ་བའི་བརྡ་ཐོ་བཏང་། སྟབས་ལེགས་པ་ཞིག་ལ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་དང་སྨན་བཅོས་བྱས་པ་བརྒྱུད། ཁོ་རང་ཉེན་ཁའི་གནས་ལས་ཐར། སྨན་པས་བརྟག་དཔྱད་བྱས་པ་ལྟར་ན། ཐེངས་དེའི་ནད་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ནི་ཡུན་རིང་དུ་མཐོ་སྒང་གི་དབྱངས་རླུང་དཀོན་པའི་ཁོར་ཡུག་འོག་ཁུར་ཐེག་ལས་བརྒལ་བའི་བྱ་བ་བསྒྲུབས་པ་ལས་བྱུང་བ་ཡིན་པས། ཁོའི་ཁྲག་ཤེད་ཡུན་རིང་རླབས་འགུལ་རང་བཞིན་གྱིས་ཇེ་མཐོར་སོང་སྟེ་མཐར་ཀླད་ཁྲག་བརྡོལ་བ་རེད།ཐེངས་དེའི་ཀླད་ཁྲག་བརྡོལ་བའི་དོན་རྐྱེན་ལས་ངག་དབང་བསྟན་པ་ལ་བདེ་ཐང་གི་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱུང་བར་མ་ཟད། ཁོར་རུ་མི་ཚོའི་ལུས་ཕུང་གི་གནས་ཚུལ་ལ་སྔར་བས་དོ་ཁུར་བྱེད་དུ་བཅུགལོ་མང་པོའི་རིང་ལ་སྲུང་སྐྱོབ་ལྷོད་མེད་བྱས་པ་བརྒྱུད། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ཏུ་ཁྲི2མ་གཏོགས་མེད་པ་ནས་ཁྲི7ལྷག་བར་སླར་གསོ་དང་འཕར་སྣོན་བྱུང་།མི་སྒེར་ལ་བྱས་རྗེས་ཨང་དང་པོ་དང་གཉིས་པ་སོགས་གཟི་བརྗིད་མང་པོ་ཐོབ་ཡོད་ནའང་ངག་དབང་བསྟན་པ་ཡིས་ཐོག་མཐའ་བར་གསུམ་དུ་ཚོགས་པའི་སྟོབས་ཤུགས་ནན་བཤད་བྱས། བཅར་འདྲི་བྱེད་སྐབས། ཁོས་ཡང་དང་བསྐྱར་དུ་བཤད་རྒྱུར།“གཟི་བརྗིད་ནི་ཚང་མའི་ཡིན། ང་ནི་ཐུར་མ་སྡམ་ལོག་གཅིག་ལས་ཐུར་མ་གཅིག་ལྟ་བུ་རེད། ང་ཁོ་ན་མི་འབྲི་རོགས། སྤུན་ཟླ་ཚོ་ནི་ད་གཟོད་དཔའ་བོ་ངོ་མ་ཡིན། །”