རྩ་ཆེའི་ལང་ཚོ་ལྗང་མདོག་ལས་དོན་ལ་བསྟིམས་པ།
—མཚོ་སྔོན་ཞིང་ཆེན་དངུལ་རྩའི་ཁོངས་གཏོགས་ཀྱི་ཏ་སི་ལུང་པའི་ལྗང་བསྒྱུར་ཁུལ་གྱི་ནགས་སྲུང་པ་ཏོན་ཀུའོ་ལུའུ་ཡི་གནས་ཚུལ་བཀོད་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 1991ལོར། ལོ་ན18ལ་སོན་མ་ཐག་པའི་ཏོན་ཀུའོ་ལུའུ་ཐེངས་དང་པོར་ཟི་ལིང་གྲོང་ཁྱེར་གྱི་བྱང་རིའི་མགོར་སོང་། སྐབས་དེར་རི་བོའི་སྟེང་དུ་རྩྭ་རྐང་གཅིག་ཀྱང་སྐྱེས་མེད་ལ།རླུང་བུ་དྲག་པོ་ལྡང་སྐབས་མི་རྣམས་ཡར་ལངས་ནས་ཀྱང་འདུག་མི་ཐུབ་པ་དང་། ངོ་གདོང་བཀྲུ་སྐབས་ཆུ་ཀ་ཏོ་ར་གང་མི་བཅུ་ཡིས་མཉམ་སྤྱོད་བྱེད་དགོས་པས་ཁོའི་སེམས་ལ་མི་བདེ་བའི་ཚོར་བ་གང་མང་སྦྱིན་མྱོང་། ཡིན་ནའང་། ལོ་ངོ34ཡི་རྗེས་སུ་རྒྱང་རིང་ནས་བྱང་རི་ལ་བལྟས་ཚེ། ག་ས་གང་དུ་རྒྱ་ཤུག་དང་། སྒྲོན་ཤིང་། གསོམ་ཤིང་སོགས་ཀྱིས་ཁེངས་ཤིང་། དྲོད་འཇམ་གྱི་ཉི་འོད་འོག་ཏུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཡོད། ལྗང་མདོག་གི་ཁོར་ཡུག་དེའི་རྒྱབ་ཏུ་ཟི་ལིང་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་པ་གྲངས་མེད་ཅིག་གི་རྔུལ་ཆུ་འདུས་ཡོད། ཟླ4པའི་ཚེས9ཉིན། ཏོན་ཀུའོ་ལུའུ་དང་ཐོག་མར་ཐུག་སྐབས། ཁོས་མཚོ་སྔོན་ཞིང་ཆེན་དངུལ་རྩའི་ཁོངས་གཏོགས་ཏ་སི་ལུང་པའི་ལྗང་སྒྱུར་ཁུལ་དུ་སྡོང་བོའི་ཡལ་ག་ཕབ་ཀྱིན་འདུག ཁོ་སྒྲོན་ཤིང་ཞིག་གི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ་སྡོང་བོའི་འཚར་ལོངས་ལ་འགོག་རྐྱེན་བཟོ་བའི་ཡལ་ག་རེ་རེ་བཞིན་གཙང་སེལ་བྱས་རྗེས། སྒྲོན་ཤིང་དེ་གཞི་ནས་དྲང་མོར་གྱུར་སོང་། “སྡོང་ཕྲུག་ནི་བྱིས་པ་དང་འདྲ་བས་སེམས་ཞིབ་མོས་བདག་སྐྱོང་བྱས་ན་ད་གཟོད་སྐྱེ་བ་རེད”ཏོན་ཀུའོ་ལུའུ་ཡིས་སྒྲོན་ཤིང་ཞིག་གི་ཡལ་ག་ཕབ་ཚར་རྗེས་སྡོང་བོ་རྗེས་མའི་ཕྱོགས་སུ་སོང་། ཏོན་ཀུའོ་ལུའུ་ཡི་གཏམ་རྒྱུད་བཤད་ན་ཁོའི་རེ་བ་དང་ལས་འགན་བཏེགས་པའི་བྱང་རི་ནས་མགོ་བརྩམ་དགོས། 1991ལོར། ཨ་ཕའི་སྐུལ་ལྕག་འོག་ཏོན་ཀུའོ་ལུའུ་ཡིས་འབྱུང་འགྱུར་ལ་བཅངས་པའི་རེ་བ་དང་སྨོན་འདུན་སེམས་ལ་བསྣམས་ཏེ།སྐབས་དེའི་ཧྲེང་ཀྲང་གཞོན་པ་སྐལ་བཟང་དང་མཉམ་དུ་རི་མགོར་བསྐྱོད་དེ་སྐྱེ་ཁམས་ལྗང་སྒྱུར་བྱ་གཞག་ནང་ཞུགས། དང་ཐོག་ལོ་ན་ཆུང་བའི་ཏོན་ཀུའོ་ལུའུ་ཡིས་དཀའ་སྡུག་མ་ཐེག་པར་ཐེངས་གཉིས་ལ་ཡུལ་དུ་བྲོས་མོད། འོན་ཀྱང་ཧྲེང་ཀྲང་གཞོན་པ་སྐལ་བཟང་གིས་ཏོན་ཀུའོ་ལུའུ་ཡང་དང་བསྐྱར་དུ་རི་མགོར་ཁྲིད་པ་དང་། ཁོང་གི་བློ་བརྟན་འགྱུར་མེད་ཀྱི་མིག་མདངས་དང་ལྷག་བསམ་རྣམ་དག་གིས་ཏོན་ཀུའོ་ལུའུ་ཡི་སེམས་པ་ཡོངས་སུ་བརླན་ཞིང་། སེམས་ཀྱི་གཏིང་སར་ཡིབ་པའི་འགན་འཁྲིའི་འདུ་ཤེས་སད་དུ་བཅུག་པས། མཐར་ཏོན་ཀུའོ་ལུའུ་དེ་རུ་བསྡད་དེ་རི་རྒོད་དེའི་ལྗང་བསྒྱུར་གྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་སེམས་ཐག་བཅད། 1996ལོར། ཏོན་ཀུའོ་ལུའུ་ཡི་ཆུང་མ་ཧྥན་དབྱིན་ཡང་རི་མགོར་ཡོང་ནས་ཁྱོ་ག་དང་མཉམ་དུ་བརྟན་སྲུང་བྱས། དུས་དེ་ནས་བཟུང་། བྱང་རིའི་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་བཟའ་ཟླ་དེ་གཉིས་ཀྱིས་ཕན་ཚུན་ལ་རོགས་སྐྱོར་བྱེད་པའི་གཏམ་རྒྱུད་བྲིས། “འདིར་སླེབས་མ་ཐག་གི་རྣམ་པ་ནམ་ཡང་ཡིད་ལ་གསལ་ལྷམ་མེར་ཤར་ཡོང་། སྐད་ཅིག་ཙམ་ལ་ལོ་ངོ30འདས་སོང་། འདི་ནི་ངའི་ཁྱིམ་ཡིན། གནས་འདི་ངའི་ཞེ་ལ་འཐོགས་ཡོད། སྐབས་འགར་ཉིན་གཅིག་གཉིས་རེར་གནས་འདི་དང་ཁ་བྲལ་ནའང་སེམས་པ་མི་སྐྱིད་པའི་སྣང་བ་འདུག” དེ་སྔའི་བྱང་རིར་རྩྭ་རྐང་གཅིག་ཀྱང་མི་སྐྱེ་ཞིང་། ལ་གཟར་ལུང་གཟར་གང་སར་མཐོང་ཐུབ། ས་རྒྱུ་ནི་བ་ཚྭ་ཅན་ཡིན་པར་མ་ཟད། ལི་ཀལ་ས་དམར་པོའི་ཟིན་ཚད་མཐོ་བས་ཆུ་དང་འཕྲད་ན་སོབ་པ་དང་། ཉི་མ་དྲོ་མ་ཐག་སྲ་མཁྲེགས་སུ་གྱུར་ཏེ། ག་ས་གང་དུ“རྡོ་ཀླད”མང་པོས་ཁྱབ་ཡོད། སྡོང་ཕྲུག་སྐོར་དང་སྐོར་བྱས་ནས་བསྐམས་འགྲོ་བས། སྔོན་ཆད་མི་ཁ་ཤས་ཀྱིས་གནས་དེར་སྡོང་པོ་གཅིག་ཀྱང་སྐྱེ་མི་སྲིད་པར་འདོད་པ་རེད། འོན་ཀྱང་སྐལ་བཟང་དེ་ལ་ཡིད་མ་ཆེས།ཁོང་གིས་བཟོ་པ་རྣམས་དང་མཉམ་དུ་ས་སླེ་པོ་གང་རེ་གང་རེ་བྱས་ཏེ་རི་མགོར་ཁུར་བ་དང་།རྡོོ་ཀླད་རེ་རེ་བཞིན་བརྐོས། “གཏིང་ཚད་ལ་ལི་སྨི80ཡོད་པའི་ས་དོང་བརྐོས་རྗེས་དོང་ཁ་ས་སེར་གྱིས་བསུབས་པ་རེད། དེ་ལྟར་བྱས་ན་ད་གཟོད་སྡོང་ཕྲུག་གསོན་ཐུབ། སྐབས་དེར་ངེད་གཉིས་ཀྱིས་ཉིན་གཅིག་ལ་ས་དོང་གསུམ་བརྐོས་པ་ཡིན།”ཏོན་ཀུའོ་ལུའུ་ཡིས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། སྐབས་དེར་ས་རྒྱུ་ཇེ་ལེགས་སུ་གཏོང་བའི་ཆེད་དུ་ཐབས་ཤེས་གང་མང་བཏོན་ཞིང་། ཤིང་ཕྲན་ལ་བརྟེན་ནས་ས་རྒྱུ་གསོ་བའི་ཚོད་ལྟ་ཡང་བྱས་པ་སྟེ།སྔོན་ལ་གླ་ཚེར་བཏབ་ནས་ས་གསོས་ཤིང་ལུད་རྫས་ཇེ་མང་དུ་བཏང་བ་དང་། ས་རྒྱུ་ལ་འཚོ་བཅུད་ངེས་ཅན་ཞིག་འཛོམས་རྗེས་ཡང་བསྐྱར་བརྐོས་ནས་སྡོང་རིགས་གཞན་བཙུགས་པ་ཡིན། “ཧྲེང་ཀྲང་གཞོན་པ་སྐལ་བཟང་གིས་ད་དུང‘ས་རྒྱུ་ལ་འཚམ་པའི་སྡོང་ཕྲུག་གདམ་རྒྱུའི”གྲོས་འགོ་བཏོན། ཏ་སི་ལུང་པའི་ལྗང་སྒྱུར་ཁུལ་ལ་མཚོན་ན་རི་རྩེ་ཡི་ས་རྒྱུ་ཅུང་ལེགས་ཤིང་རི་འདབས་ཀྱི་ས་རྒྱུ་ཅུང་ཞན་པ་རེད། དེ་བས་ང་ཚོས་ས་རྒོད་རེ་རེའི་ས་རྒྱུ་མི་འདྲ་བར་གཞིགས་ནས་སྡོང་ཕྲུག་མི་འདྲ་བ་འཛུགས་དགོས།སྐབས་དེར་སྡོང་ཕྲུག་གཅིག་བཙུགས་ཏེ་གསོན་ཐུབ་པ་བྱུང་ན་དེ་ནི་གྲུབ་འབྲས་ཆེ་ཤོས་ཤིག་རེད།”ཏོན་ཀུའོ་ལུའུ་ལ་དེའི་ཐད་ཀྱི་མྱོང་ཚོར་ཟབ་མོ་ཡོད། མཇུག་མཐར་བྱང་རི་ལྗང་མདོག་ཏུ་བསྒྱུར་འདོད་པའི་འདུན་པ་དེ་གཞི་ནས་མངོན་འགྱུར་བྱུང་སོང་། དཔྱིད་ཀར་ཏོན་ཀུའོ་ལུའུ་བཟའ་ཟླ་གཉིས་ནམ་མ་ལངས་གོང་ནས་རི་མགོར་སོང་སྟེ་སྡོང་ཕྲུག་འཛུགས་པ་དང་།དབྱར་ཁར་ཚ་གདུག་ཆེ་བའི་སྐབས་སུ་སྡོང་ཕྲུག་ལ་ཆུ་གཏོང་བ། སྟོན་ཁར་ཟོར་བ་བཟུང་ནས་རྩྭ་ལྡུམ་འབྲེག་པ། དགུན་ཁར་མེ་འགོག་ལེགས་པོ་བྱེད་པ་བཅས་ནི་ཁོ་བཟའ་ཟླ་གཉིས་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་གྱུར་ཡོད། ཏོན་ཀུའོ་ལུའུ་ཡིས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་ནས་ནགས་ཁྲོད་དུ་སྐོར་གཡེང་བྱེད་བཞིན་ཡོད། “ང་ཚོས་ཧྲེང་ཀྲང་གཞོན་པ་སྐལ་བཟང་མིག་དཔེ་རུ་བཟུང་སྟེ་བྱང་རིའི་རྩི་ཤིང་རེ་རེར་སྲུང་སྐྱོབ་བྱས་ཡོད།”བྱང་རིར་སྡོང་བོ་བཙུགས་པའི་སྣང་བརྙན་རེ་རེ་ཏོན་ཀུའོ་ལུའུ་ཡི་སེམས་པའི་གཏིང་ལ་བརྐོས་ཡོད། ཁོས“གོམ་པ་སྤོ་མི་ཐུབ་པའི་བར་དུ་གནས་འདི་བསྲུངས་ནས་འདུག་འདོད་ཡོད”ཅེས་དགོད་ཞོར་བཤད། ལོ་ངོ34ཡི་རིང་ལ་རྩི་ཏོག་དང་སྡོང་རྐང་རེ་རེ་སྲུང་སྐྱོབ་བྱས་ཏེ། བྱང་རི་དེ་རི་རྒོད་ནས་ལྗང་མདོག་ཏུ་གྱུར་པར་བདེན་དཔང་བྱས། ཉེ་འགྲམ་གྱི་རུ་མི་རྣམས་སྐོར་དང་སྐོར་བྱས་ཏེ་བརྗེས་ནའང་། ཏོན་ཀུའོ་ལུའུ་ཡིས་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་སེམས་ལ་བཅངས་ཏེ། སྐལ་བཟང་གི་ཞབས་རྗེས་འབྲངས་ནས་མདུན་སྐྱོད་བྱས་ཤིང་། ལྗང་སྒྱུར་ཁུལ་གྱི་ས་གཞི་ལེབ་མོ་རེ་རེ་གོམ་སྟབས་ཀྱིས་བཅལ་ནས་སྡོང་ཕྲུག་ཁྲི80ལྷག་སྲུང་སྐྱོབ་བྱས་ཡོད། གལ་ཏེ་རི་ལ་འཛེག་སྐབས་མིག་ལམ་དུ་རྒྱུ་བ་ཡུལ་ལྗོངས་ཡིན་ན། རི་ནས་མར་འབབ་སྐབས་མིག་མདུན་དུ་མངོན་པ་ནི་སྙིང་སྟོབས་ཡིན། ལྷོ་བྱང་རི་བོའི་ལྗང་སྒྱུར་པས་སེམས་ཤུགས་དང་རྔུལ་ཆུ་ཡོད་ཚད་སྡོང་བོར་གཏོར་ཏེ། ཟི་ལིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་གཏིང་ཟབ་ཏུ་བཏང་ཡོད། གྲོང་ཁྱེར་གྱི་རྣམ་པ་ལེགས་པོ་དང་འཚོ་སྡོད་ལ་འཚམས་པའི་ཁོར་ཡུག་གིས་ཟི་ལིང་གི་འཕེལ་རྒྱས་མགྱོགས་པོར་མེད་དུ་མི་རུང་བའི་ཆ་རྐྱེན་བསྐྲུན་ཡོད་ལ། དེར་སྡོད་པའི་མི་རྣམས་ལ་སྤོབས་པ་དང་བདེ་སྐྱིད་དེ་བས་མང་བ་བསྩལ་ཡོད། སྔོ་ཐིང་ཐིང་གི་རི་མགོའི་ནགས་ཚལ་ནི་ལྷོ་རི་དང་བྱང་རིའི་ལྗང་སྒྱུར་པས་ཟི་ལིང་གི་འཕེལ་རྒྱས་ལ་ཕུལ་བའི་ལག་རྟགས་རྩ་ཆེན་དེ་རེད། །