རབ་མཛེས་མཚོ་སྔོན།མཐོ་སྒང་རྐང་གྲུག་འགྲན་སྡུར་སྐབས2པ་མགོ་བརྩམ་ལ་ཉེ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”འགྲན་སྡུར་སྐབས་གཉིས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་ལ། ཚོགས་འདིའི་སྟེང་མཉམ་འགྲན་སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་སྡུར་གྱི་བརྗོད་དོན་གླུ་དབྱངས་དང་འགྲན་རིམ་གྱི་དུས་ཚོད་སོགས་ཆ་འཕྲིན་མང་པོ་ཁྱབ་བསྒྲགས་བྱས།

“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”འགྲན་སྡུར་སྐབས་གཉིས་པའི་མཛད་སྒོ་ཟླ5པའི་ཚེས10ཉིན་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་ཞིང་། ཟླ5པ་ནས་ཟླ9པའི་བར་མཚོ་སྔོན་གྱི་མངའ་ཁོངས་ནས་འགྲན་སྡུར་བྱ་རྒྱུ་རེད། ཐེངས་འདིར་འགྲན་ཞུགས་རུ་ཁག8ཡོད་པ་དང་འགྲན་སྐོར14བརྒྱུད་ནས་མཐའ་མའི་རྒྱལ་ཕམ་རྩོད་རྒྱུ་ཡིན་ཞིང་། མཛད་སྒོའི་ཉིན་མོར་མཚོ་སྔོན་རུ་ཁག་དང་ཀོས་ཀྲོའུ་རུ་ཁག་གིས་འགྲན་སྡུར་བྱ་རྒྱུ་རེད།

ཐེངས་འདིར་ལྟད་མོ་བར་ཁྱད་འཕགས་བྱ་དགའ་གཅིག་དང་ཨང་དང་པོ་གསུམ། ཨང་གཉིས་པ15། ཨང་གསུམ་པ30བཅས་བཀོད་སྒྲིག་བྱས་ཡོད་ཅིང་། དེར་དམིགས་བསལ་བྱ་དགར་སྒོར་ཁྲི1.5ཅན་གྱི་འཛད་སྤྱོད་བྱང་བུ་གཅིག་དང་། ཨང་དང་པོའི་བྱ་དགར་ནོར་གནག་གཅིག ཨང་གཉིས་པའི་བྱ་དགར་བོད་ལུག་གཅིག ཨང་གསུམ་པའི་བྱ་དགར་སྒོར500ཡི་རིན་ཐང་ཡོད་པའི་ཁྱད་ལྡན་ཐོན་རྫས་ཀྱི་ལེགས་སྐྱེས་གཅིག་བཅས་ཡོད།
