སྒྲུང་རིང《རྒུད》བཀླགས་པའི་མྱོང་བྱང་།

图片
发布时间:2025年05月19日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཆོས་དབྱིངས་རྒྱ་མཚོ། (དཀར་མཛེས)



图片


ནང་དོན་གནད་བསྡུས།〕 

བོད་ཀྱི་རྩོམ་པ་པོ་རྒན་གྲགས་ཅན་སྟག་འབུམ་རྒྱལ་ལགས་ཀྱི་བརྩམས་སྒྲུང་རིང་གྲསརྒུདཅེས་པ་ནི་གླེང་གཞི་དང་མཇུག་གི་གཏམ་བརྩིས་པས་ལེའུ་ཉེར་བདུན་གྱི་བདག་ཉིད་ཅན་ཞིག་སྟེ། སྒྲུང་རིང་འདིར་སྤྱང་གླིང་གསེར་གསུམ་ཞེས་པའི་གཞི་བདག་སྐུ་ལྷ་གཡག་རྒྱལ་ལས་མཆེད་པའི་ཚོ་བ་གསུམ་གྱི་དར་རྒུད་བརྗོད་ཡོད་དེ། རྩོམ་པ་པོས་སྨྱུག་ཁ་གཙོ་བོ་སྤྱང་ཚ་སྡེ་བར་གཏད་ནས་སྤྱང་ཚའི་སྟོང་དཔོན་ཉི་བཟང་དང་དཔོན་མོ་བཀྲ་མཚོ། དཔོན་ཕྲུག་གཡུ་རྩེ། གཡོག་མོ་དབང་མོ་དང་ཚེ་ལོ། ཀུན་སྐྱིད་སོགས་དང་། གསེར་ཚ་དང་གླིང་ཚ་གཉིས་ཀྱི་སྟོང་དཔོན་དང་དཔོན་སྲས། དགོན་པའི་ཨ་ལགས་དང་སྤྲུལ་སྐུ་སོགས་དང་། སྐབས་དེའི་གོ་མིན་ཏང་གི་ས་གནས་འགོ་ཁྲིད་སོགས་མི་སྣ་གཙོ་ཕལ་གཉིས་དྲངས་ཡོང་སྟེ། སྟོད་ཆས་རྩོདཅེས་པར་གསེར་སྤྱང་གཉིས་ཀྱི་བར་དུ་རྩྭ་ས་རྩོད་གླེང་དང་མི་ཤི་རྟ་འགྱེལ་བྱུང་བའི་སྐོར་གཙོ་བོར་བྲིས་ཡོད་པ་དང་། སྨད་ཆགཡུ་འབྲུག་ས་རུ་ལྷུང་བཞེས་པར་སྐབས་དེའི་གོ་མིན་ཏང་གི་བཙན་འཛུལ་དང་རྩིང་སྤྱོད་ཀྱི་འོག་ནས་སྟོང་དཔོན་སོ་སོའི་མངའ་ཐང་དང་དབང་ཆ་སོགས་རྒུད་པའི་སྐོར་བྲིས་འདུག དེ་མིན་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་ཀྲུང་གོ་གསར་པ་དབུ་མ་བརྙེས་སྔོན་གྱི་བོད་ཀྱི་སྤྱི་ཚོགས་དང་འཚོ་བ། ཡང་ན་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མཐོ་དམའ་དང་དྲག་ཞན་སོགས་ཀྱི་ཁྱད་པར་དེ་མེ་ལོང་ངོས་ལ་བལྟས་པ་བཞིན་ཧ་ཅང་གསལ་པོར་བྲིས་ཡོད། 


བཀླགས་བྱང་ཉུང་བསྡུས།〕 

རྒན་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་རྣམས་ལས་ང་ལ་བག་ཆགས་ཆེ་ཤོས་ནི་ཁོང་གི་ཁྱི་དང་འབྲེལ་བའི་སྒྲུང་གཏམ་རྣམས་རེད། དེ་ཡང་ཡིན་དགོས་ཏེ། ངས་ད་བར་དུ་ཁོང་གི་ཁྱི་དང་འབྲེལ་བའི་སྒྲུང་གཏམ་རྣམས་ལས་གཞན་པ་གཅིག་ཀྱང་བཀླགས་མི་འདུག ཁོང་གི་ཁྱིའི་སྐོར་གྱི་སྒྲུང་གཏམ་དག་གིས་ང་ལ་བག་ཆགས་ཆེན་པོ་འཇོག་མྱོང་བར་མ་ཟད། རྒན་སྟག་འབུམ་རྒྱལ་གྱི་མཚན་ཐོས་ཡོང་དུས་ཁོང་གི་ཁྱིའི་སྐོར་གྱི་སྒྲུང་གཏམ་དག་དྲན་ཡོང་ཞིང་། ཁྱི་དང་འབྲེལ་བའི་རྩོམ་རིག་གི་སྐོར་གླེང་ཡོང་དུས་ཆེས་ཐོག་མར་དྲན་ཡོང་བ་ནི་རྒན་སྟག་འབུམ་རྒྱལ་ལགས་རེད། 

རྒན་སྟག་འབུམ་རྒྱལ་ནི་གཞོན་པ་དང་དར་མའི་ཁྲོད་ཀྱི་རྩོམ་པ་པོ་རྣམས་ལ་རེ་སྐུལ་དང་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་པས། ང་ནི་ཁོང་གི་མི་གཤིས་དང་རྩོམ་གཤིས་གཉིས་ལ་ཧ་ཅང་དགའ་མཁན་ཞིག་ཡིན་ཞེས་བཤད་ན་འགྲིག ང་རང་རྒན་ལགས་ལ་སྐུ་དངོས་སུ་འཕྲད་དུས་ནི༢༠༢༡ལོར་ཡུན་ནན་ཏ་ལི་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྐང་འཛིན་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་བསྡུ་སྐབས་ཡིན་ཏེ། སྐབས་དེར་བོད་ཡིག་གི་ལམ་ནས་གསར་རྩོམ་བྱེད་མཁན་ལ་རྒན་སྟག་འབུམ་རྒྱལ་དང་རྒན་ཁྲི་སེམས་དཔའ། གྲོགས་པོ་རབ་རྒྱས་ང་ཚོ་བཞི་ལས་མི་འདུག་ཅིང་། ཕལ་ཆེར་བདུན་ཕྲག་གཅིག་ཙམ་གྱི་རིང་ལ་ང་ཚོས་མཉམ་ཟ་མཉམ་འདུག་བྱས་པ་དང་། དེའི་རིང་ལ་རྒན་རྣམ་པ་གཉིས་ལས་རྩོམ་རིག་གི་སྐོར་ནས་མང་དུ་མཉན་རྒྱུ་བྱུང་བར་མ་ཟད། ཁྱད་པར་དུ་རྒན་སྟག་འབུམ་རྒྱལ་གྱིས་ང་ཚོ་ལ་རེ་བ་དང་བཅས་ཏེ་སྐུལ་མ་མང་པོ་གནང་བ་གཏན་ནས་བརྗེད་རྒྱུ་མི་འདུག 

ཤེད་ཀྱིས་ཕྱིར་འདང་ཞིག་བརྒྱབ་ན། རྒུདཅེས་པའི་སྒྲུང་རིང་དེབ་འདི་ནི་གྲོགས་པོ་ཞིག་གི་ཟུར་ནས་གཡར་བའམ་ཕྲོགས་ནས་ཡོང་བ་ཡིན་ཞིང་། ངའི་དཔེ་སྒྲོམ་དུ་བསྙལ་ནས་ད་བར་དུ་མི་ལོ་ལྔ་དྲུག་ཙམ་འགོར་སོང་ཡོད་ཤས་ཆེ། ཁྱི་རྒནབཀླགས་རྗེས་ནས་ད་བར་དུ་ཁོང་གི་དེབ་འདི་མ་གཏོགས་བརྩམས་ཆོས་གཞན་པ་བཀླགས་ཐུབ་མེད་པ་འདྲ། ད་ཐེངས་སྟེས་དབང་ཞིག་གིས་དེབ་འདི་ཀློག་རྒྱུ་བྱུང་བས་ཡུན་རིང་མ་འགྲུབ་པའི་ལས་ཀ་ཞིག་དངོས་སུ་འགྲུབ་སོང་བ་ལྟ་བུའི་སྣང་བ་བྱུང་། 

མཐོ་མཐའ་ལྷུང་དང་བསགས་མཐའ་འཛད། སྐྱེ་མཐའ་འཆི་བ་སོགས་ནི་འཇིག་རྟེན་ཆོས་ཉིད་དུ་འཁུམས་པས། སྒྲུང་རིང་འདིར་ཡང་གནས་ལུགས་དེ་ཉིད་མཛུབ་མོས་རི་སྟོན་གྱི་ཚུལ་དུ་བརྗོད་འདུག་སྟེ། གཏམ་རྒྱུད་ཀྱི་བརྒྱུད་རིམ་ཡང་རྒུད་པའི་གོ་རིམ་ཞིག་ཏུ་བྲིས་འདུག་པས་བཀླགས་ནས་མཇུག་ཏུ་སླེབས་དུས་ཏག་ཏག་གནས་ལུགས་ཤིག་རང་བཞིན་གྱིས་རྟོགས་ཡོང་། རྩྭ་ས་རྩོད་གླེང་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་སྟབས་གནའ་ནས་ད་བར་དུ་རྒྱུན་མ་ཆད་པར་བྱུང་བ་ཡིན་ལ། དེ་འབྲེལ་གྱི་དགག་རྩོམ་མམ་སློབ་གསོ་སོགས་ཀྱང་རབ་དང་རིམ་པ་བྱུང་ཡང་། སྔར་བཞིན་འབྱུང་བ་དེའང་འཇིག་རྟེན་འཁོར་བའི་ཆོས་ཉིད་ཅིག་ཡིན་པས་བཟློག་དཀའ་བར་སྣང་ཨང་། 

བོད་ཀྱི་འདས་སོང་གི་ལོ་རྒྱུས་ལ་ཕྱིར་འདང་བརྒྱབ་ན། སྔར་སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་བའི་དུས་སྐབས་ཀྱང་ཡོད་མྱོང་མོད། རྗེས་ཀྱི་ལོ་ཟླ་དག་ཏུ་བྱུང་བའི་བྱ་སྒོང་བྲག་ལ་བརྡབས་པའི་ལོ་རྒྱུས་ཁག་གིས་ཏག་ཏག་མི་སེམས་ལ་ན་ཟུག་སློང་ཡོང་བས་ནམ་ཡང་ཀློག་མི་འདོད་པ་ལྟ་བུར་གནས་ཀྱང་། ལོ་རྒྱུས་ལས་སློབ་གསོ་མྱོང་དགོས་པས་ཨམ་གཙིགས་བསྡམས་ནས་ཀློག་པ་ལས་ཅི་བྱར་ཡོད། 

སྒྲུང་རིང་འདིའི་འབྲི་སྟངས་ཀྱི་ཆ་ནས་གླེང་ན། རྩོམ་པ་པོས་མི་སྣ་གཅིག་གི་མཐོང་སྣེ་སྤྱད་ནས་བྲིས་པ་མ་ཡིན་པར། ལོ་རྒྱུས་ལ་ཕྱིར་ལྟ་བྱེད་པའི་ཐབས་ལམ་ཞིག་གིས་སྒྲུང་གཏམ་ཧྲིལ་བོ་བྲིས་འདུག་ཅིང་། དེ་ལས་དུས་ཚོད་ད་ལྟ་བ་གཙོ་བོར་བཟུང་སྟེ་ཕྱིར་དྲན་གྱི་ཁྲོད་ནས་འདས་སོང་གླེང་བ་དང་། རིམ་བཞིན་གཏམ་རྒྱུད་ཀྱི་འཕེལ་ཕྱོགས་ཚ་རླབས་ཅན་དུ་བཏང་ནས་མཇུག་འབྲས་ཀྱིས་མི་སེམས་ཐལ་བར་བརླགས་འགྲོ་བ་ཞིག་ཡིན་ལ།གཏམ་རྒྱུད་བཀླགས་ནས་མཇུག་ལ་སླེབས་དུས་ཏག་ཏག་ན་ཟུག་དང་ཁོང་ཁྲོ། ཞེ་སྡང་སོགས་ཀྱིས་སེམས་ལ་རྨ་ཁ་ཆེན་པོ་འཇོག་ཡོང་། དེ་ནི་བརྩམས་ཆོས་འདི་ཉིད་ཧ་ཅང་ལེགས་འགྲུབ་བྱུང་བས་ཡིན་དགོས་ཏེ། བརྩམས་ཆོས་ཁྲོད་ཀྱི་མི་སྣ་རེ་རེས་ཀློག་པ་པོར་དགའ་བ་དང་སྐྱོ་བ།ཆགས་པ་དང་སྡང་བ། ཡང་ན་འཁོན་སེམས་སོགས་སློང་ཐུབ་པར་མ་ཟད། སྐབས་དེའི་དཔོན་གཡོག་གི་འཚོ་བའི་ཁྱད་པར་ཏེ་དཔོན་པོའི་དབང་ཐང་དང་གཡོག་པོའི་གུས་བརྩི་སོགས་དང་། ཡང་ན་སྐབས་དེའི་འཆོལ་ཉོག་གི་ཕོ་མོའི་འབྲེལ་བ་སོགས་ཤིན་ཏུ་ཁ་གསལ་བྲིས་འདུག་པས། མི་སེམས་ལ་དགོད་བྲོ་བ་དང་ངུ་སྐྱེན་པའི་ཚོར་བ་སྣ་ཚོགས་ལུ་གུ་རྒྱུད་དུ་སྟེར་ཡོང་། 

སྒྲུང་རིང་འདིའི་ཤོང་ཚད་ཀྱི་ངོས་ནས་གླེང་ན། སྒྲུང་གཏམ་ཧྲིལ་བོ་གཏམ་རྒྱུད་གཅིག་གིས་གྲུབ་པར་བྱས་འདུག་སྟེ། སྐུ་ལྷ་གཡག་རྒྱལ་ལས་མཆེད་པའི་སྤྱང་གླིང་གསེར་གསུམ་ཁཔཞེས་པའི་ཚོ་ཆེན་གསུམ་གྱི་དར་རྒུད་གཞི་རྐང་དུ་བྱས་ནས་བྲིས་པ་ཞིག་ཡིན་མོད། འོན་ཀྱང་། གཏམ་རྒྱུད་དེའི་མགོ་རྐང་སྒྲིག་པ་ལ་ལོ་རྒྱུས་དང་ཤོག་རྒྱུན། གནའ་རབས་སོགས་མང་པོ་ཞིག་དྲངས་འདུག་པར་བརྟེན། སྒྲུང་གཏམ་འདི་ནི་ཡིག་ཚོགས་མང་པོར་དོན་དག་ཉུང་ངུ་ལས་མེད་པའི་རིགས་མ་ཡིན་པར། ཀློག་པའི་གོ་རིམ་ཁྲོད་དུ་ཡིད་ཚིམ་པ་དང་སེམས་མགུ་བ་ཞིག་འབྱུང་ངོ་།།

图片

ཆོས་དབྱིངས་རྒྱ་མཚོ། ༡༩༩༥ལོར་ཁམས་བྲག་འགོའི་རྩང་སྟོད་སྡེ་བར་སྐྱེས། ༢༠༡༤ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་ཐོན་བྱུང་བ་དང་། ད་ལྟ་ལི་ཐང་རྫོང་ཐོག་ཏུ་དགེ་རྒན་གྱི་ལས་ཀ་གཉེར་ཞོར་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི།གངས་དཀར་རི་བོདུས་དེབ་ཀྱི་རྐང་འཛིན་རྩོམ་པ་པོ་སོགས་ཀྱི་འགན་ཁུར་བཞིན་ཡོད། ༢༠༡༨ལོ་ནས་བརྩམས་སྒྲུང་འབྲི་སྦྱོང་གི་ཕྱོགས་ལ་གོམ་ཁ་བསྒྱུར་ནས་ད་བར་དུ་བརྩམས་ཆོས་མི་ཉུང་བ་ཞིགབོད་ཀྱི་རྩོམ་རིག་སྒྱུ་རྩལདངཟླ་ཟེར》《མི་རིགས》《གངས་དཀར་རི་བོ》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《ཤྭ་སྐྱ》《རི་བོ་ཉི་ཟླ》《སྤང་ལྗོངས》《ཁམས་པའི་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་སུ་བཀོད་མྱོང་བ་དང་། ༢༠༢༤ལོར་སྒྲུང་ཐུང་ཕྱོགས་བསྒྲིགསསྒེའུ་ཁུངཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་བདམས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།