ངལ་རྩོལ་ལ་བརྟེན་ནས་ལས་དབང་བསྒྱུར་བ།
—རྨ་ལྷོ་ཁུལ་རྩེ་ཁོག་རྫོག་ཉིན་ཕྱུག་གྲོང་རྡལ་བྲག་དཀར་སྡེ་བའི་འབྲོག་མོ་པད་མ་མཁའ་འགྲོའི་གནས་ཚུལ་བཀོད་པ།
ཁྱིམ་ཚང་ཕྱུགས་རའི་ནང་པད་མ་མཁའ་འགྲོས་ཞཕ་དང་ཤ་མོ་སེར་པོ་སོགས་ཁྱད་ལྡན་ཐོན་རྫས་བསྒྲིག་བཞིན་པ། དབྱར་ཁའི་རྩེ་ཁོག་ཏུ། སྔོ་ལྗང་ལྗང་གི་རྩྭ་ཕྲན་བསིལ་རླུང་གིས་གཡོ་བས་ག་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཟླ5པའི་ཚེས5ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཕྱུག་གྲོང་རྡལ་བྲག་དཀར་སྡེ་བ་རུ། བོད་རིགས་བུད་མེད་པད་མ་མཁའ་འགྲོ་སྔོ་ཚལ་དྲོད་ཁང་དང་ཕྱུགས་རའི་བར་དུ་ལས་ལ་བྲེལ་བཞིན་འདུག མོ་སྐབས་རེར་མར་སྒུར་ཏེ་སྔོ་ཚལ་གྱི་ལོ་མའི་སྟེང་གི་འབུ་ཁུང་ལ་ལྟ་བ་དང་། ཡང་སྐབས་རེར་ལུས་པོ་ཡར་དགྱེ་ནས་རྒྱང་རིང་གི་ནོར་གནག་གི་གྲངས་ཀ་རྩི་བཞིན་ཡོད། ཉི་མས་ཚིག་ནས་དམར་ནག་ཏུ་གྱུར་ཡོད་པའི་གདོང་ལ་ཉི་འོད་འཕྲོས་པས། རྔུལ་ཆུའི་ཐིགས་པ་རེ་རེ་མོའི་སྐེ་ནས་མར་བཞུར། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་ཞེས་པའི་ལྗིད་ཏིག་ཏིག་གི་མཚན་སྙན་དེ་གླེང་དུས། པད་མ་མཁའ་འགྲོའི་མིག་ཀོང་དམར་པོར་གྱུར་ཏེ་འཛུམ་མདངས་ལྷུག་པོར་གྲོལ། “མཚན་སྙན་འདི་ནི་ང་རང་གཅིག་པུར་དབང་བ་ཞིག་མིན། སྐྱེས་ས་སྐྱེས་ཡུལ་འདིས་ང་ལ་འབད་བརྩོན་ཏན་ཏིག་བྱེད་དགོས་པའི་བསླབ་བྱ་གནང་ཡོད་ལ། ཡུལ་མི་སྤུན་ཟླ་ཚོའི་ཡིད་ཆེས་ཀྱིས་ང་ལ་རྒྱུན་འཁྱོངས་བྱེད་པའི་སྤོབས་པ་བསྩལ་ཡོད”ཅེས་བཤད། 2005ལོ་ནས2008ལོའི་བར་དུ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་པ་དང་བསྟུན་ནས། པད་མ་མཁའ་འགྲོ་བཟའ་མི་གང་བོས་ཀུན་གྱི་སྔོན་ལ་སྲིད་ཇུས་དང་ལེན་བྱས་ཏེ། རྩྭ་ཆུར་བསྟུན་ནས་རུ་སྤོ་བའི་འཚོ་བ་དང་གཏན་དུ་བྲལ། སྲིད་གཞུང་གིས་གནས་སྤོར་འབྲོག་པ་ཚོར་སོ་ཕག་གི་ཁང་ཁྱིམ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཁོ་ཚོ་འཁོར་སྐྱོད་ཀྱི་རས་གུར་ལས་བུད་དེ་བརྟན་བརླིང་བདེ་འཇགས་ཀྱི་སྡོད་ཁང་གསར་པའི་ནང་སྤོར་དུ་བཅུག ཡིན་ཡང་། ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ཐད་ཀྱི་འགྱུར་ལྡོག་ཆེན་པོ་དེ་ཡང་འབྲོག་པ་ཚོའི་གདོང་མི་གཏོད་ཐབས་མེད་བྱུང་བའི་དཀའ་གནད་གསར་པར་གྱུར། “སྔོན་ཆད་སྒོར་མོ་མང་ཙམ་འཚོལ་ཆེད། ཚང་མས་ནོར་ལུག་གསོ་སྤེལ་གྱི་གཞི་ཁྱོན་རྒྱ་བསྐྱེད་ཅི་ཐུབ་བྱས་པས། ནོར་ལུག་གི་གྲངས་འབོར་རྩྭ་སའི་ཐེག་ནུས་ལས་ཆེས་ཆེར་བརྒལ་བ་རེད། དེས་རྩྭ་སར་གནོད་སྐྱོན་ཆེན་པོ་ཐེབས་པ་དང་། བྱེ་འགྱུར་ཞན་འགྱུར་གྱི་གནད་དོན་ཉིན་བཞིན་ཛ་དྲག་ཏུ་གྱུར། ནོར་ལུག་ལ་རྩྭ་ཡག་པོ་བཟའ་རྒྱུ་མེད་རྐྱེན་སྤུས་ཀའང་ཇེ་ཞན་དང་ཡོང་འབབ་ཀྱང་ཇེ་ཉུང་དུ་གྱུར། ཡིན་ཡང་བཟའ་མི་གང་བོའི་ཁ་གསོ་དགོས་པས། མུ་མཐུད་དུ་ཕྱུགས་འཚོ་རྒྱུ་ལས་ཐབས་གཞན་མ་རྙེད། མཇུག་མཐར་ཕྱུགས་འཚོ་བཞིན་འཚོ་བཞིན་ཇེ་དབུལ་ནས་ཇེ་དབུལ་དང་། སྐྱེ་ཁམས་ལ་གཏོར་བརླག་བཏང་བའི་གནས་ཚུལ་ཡང་ཇེ་སྡུག་ནས་ཇེ་སྡུག་རེད”ཅེས་གནས་མ་སྤར་སྔོན་གྱི་དཀའ་ཁག་གི་གནས་ཚུལ་གླེང་སྐབས། པད་མ་མཁའ་འགྲོའི་མིག་གདོང་ལ་བློ་ཕམ་དང་འུ་ཐུག་གི་མདངས་ཤིག་ཤར་ཡོད། “ཕྱུགས་འཕྲི་ཕྱུགས་འགོག”གི་སྲིད་ཇུས་ཀྱི་འབོད་སྐུལ་ལ་གདོང་གཏོད་སྐབས། གུང་ཁྲན་ཏང་ཡོན་ཡིན་པའི་པད་མ་མཁའ་འགྲོ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཀུན་གྱི་སྣེ་ཁྲིད་དེ་དང་ལེན་བྱས་ཤིང་། གསོ་སྤེལ་གཞི་ཁྱོན་རང་འགུལ་གྱིས་ཇེ་ཆུང་དུ་བཏང་སྟེ། རང་ཁྱིམ་གྱི་རྩྭ་ས་སྤྱི་ཆིང27སྟེང་གི་ཁུར་བོ་ལྕི་མོ་དེ་ཇེ་ཡང་དུ་བཏང་། ཕྱུགས་ཟོག་འཕྲི་བ་ལས་ཡོང་འབབ་ཇེ་ཉུང་དུ་སོང་བའི་སྟོང་ཆ་དེ་བསྐང་ཆེད། པད་མ་མཁའ་འགྲོས་སྒུག་རྟེན་སློང་གསུམ་གང་ཡང་མ་བྱས་པར་དངོས་སྒྲུབ་འབད་བརྩོན་བྱས་ལ། སྡེ་བ་རུ་ནོར་ལུག་ཕྱུགས་ཁང་དུ་བསྐྱིལ་ནས་གཟན་ཆས་ཀྱིས་གསོ་བའི་གསོ་སྤེལ་ལས་གཞིར་གཞི་བཅོལ་བ་དང་། གནས་སྤོར་བྱེད་ཡུལ་གྱི་འགྲིམ་འགྲུལ་སྟབས་བདེ་ཡིན་པ་དང་གཟན་ཆས་ཀྱི་ཐོན་ཁུངས་གྱ་ནོམ་པོའི་རང་བྱུང་གི་ལེགས་ཆར་བརྟེན་ནས་བློ་ཐག་རྦད་ཆོད་ཀྱིས“གནམ་ལ་བསྟེན་ནས་ཕྱུགས་འཚོ་བའི”སྲོལ་རྒྱུན་གྱི་དཔེ་དབྱིབས་དོར་ཏེ། འཕེལ་རྒྱས་ཀྱི་ཁ་ཕྱོགས་ནོར་ལུག་སྡོམ་གསོ་བྱེད་པའི་ཕྱོགས་སུ་བསྒྱུར། ཉིན་རེའི་ནམ་མ་ལངས་གོང་ནས། མོ་མལ་ལས་ལངས་ཏེ་ཕྱུགས་ཁང་དུ་འཚོ་བཅུད་གཟན་ཆས་སྡེབ་སྦྱོར་བྱེད་པའི་ལས་ལ་བྲེལ་ཞིང་། མཚན་མོའི་མུན་ནག་གི་ཀློང་ན་མོས་སྔར་བཞིན་ལག་སྒྲོན་བཟུང་སྟེ་ཕྱུགས་ཟོག་གི་འཚར་སྐྱེའི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་འདུག ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་ཐབས་དང་ཞིབ་ཚགས་ཅན་གྱི་དོ་དམ་ལ་བརྟེན་ནས། 2022ལོའི་དགུན་ཁར། མོས་སེམས་ཤུགས་གང་ཡོད་བཏོན་ནས་གསོས་པའི་ལུག50བཙོངས་ཏེ་ཁེ་སྤོགས་རྐྱང་རྐྱང་སྒོར་ཁྲི6ཡས་མས་བཙལ་ཐུབ་བྱུང་བས། སྐྱེ་ཁམས་སྲུང་སྐྱོབ་དང་ཡོང་འཕར་ཕྱུགས་འགྱུར་ཟུང་རྒྱལ་གྱི་ལམ་བུ་གསར་པ་ཞིག་བཏོད། ཡོང་འཕར་གྱི་ཐབས་ལམ་རྒྱ་བསྐྱེད་ཆེད། པད་མ་མཁའ་འགྲོས་ཞིང་ཆེན་ཞིང་ལས་ནགས་ལས་ཚན་རིག་གླིང་གི་ལག་རྩལ་མི་སྣ་གྲོང་གསེབ་ཏུ་ཡོང་སྟེ་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་ཁྲིད་པའི་གོ་སྐབས་རྩ་ཆེན་དེ་དམ་འཛིན་བྱས་ནས། ཞིང་ཚིགས་བར་དུ་ནན་ཏན་གྱིས་ཉན་པ་དང་སུར་པན་གྱི་མྱུ་གུ་གསོ་ཐབས་དང་རྡོ་ལུ་མ་འདེབས་འཛུགས་ཀྱི་གལ་གནད་སོགས་ཟིན་བྲིས་སུ་བཏབ་ཡོད་ལ། རང་གིས་མི་ཤེས་བ་དག་ལག་རྩལ་པར་དོགས་འདྲི་བྱས་པས། ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་སྟངས་མྱུར་མོར་ཁོང་དུ་ཆུད། “ངའི་དྲོད་ཁང་གི་ནང་དུ་ལྟོས་དང”ཞེས་མོས་གདོང་ལ་འཛུམ་གྱིས་ཁེངས་བཞིན་དྲོད་ཁང་གི་སྒོ་ཡོལ་ཡར་བཀྱགས། ངར་ལམ་ལམ་བྱེད་པའི་ཚ་དྲོད་ཀྱིས་སྔོ་ཚལ་དང་སིལ་ཏོག་གི་དྲི་ཞིམ་སྣ་ལམ་དུ་ཁྱེར་འོང་།“རང་ཚང་གི་ཟ་རྒྱུ་མ་གཏོགས། ལོ་གཅིག་ལ་ད་དུང་སྒོར8600ལྷག་གི་སྔོ་ཚལ་ཚོང་རྒྱུ་ཡོད”ཅེས་མོས་གཟི་བརྗིད་ཀྱི་ཉམས་དང་བཅས་དེ་ལྟར་བཤད། སྔོ་ཚལ་བཏབ་ན་ཡོང་སྒོ་འཚོལ་ཐུབ་པ་ཤེས་རྗེས། པད་མ་མཁའ་འགྲོས་གོམ་མཚམས་མ་བཞག་པར། མོས་མིག་རྒྱང་སྔར་ལས་རིང་དུ་བསྲིངས་ཏེ། ཁྱིམ་ཚང་ཕྱུགས་རར་བརྟེན་ནས་རྒྱུད་བཟང་ནོར་གནག་གསོ་སྤེལ་བྱེད་མགོ་བརྩམས། 2024ལོར། རྒྱུད་བཟང་ནོར་གནག30བཙོངས་པ་དེས་སྒོར་ཁྲི23ལྷག་གི་ཡོང་འབབ་བཙལ་ཐུབ་བྱུང་། སྲོལ་རྒྱུན་གྱི་ཕྱུགས་འཚོ་བ་ནས“འདེབས་འཛུགས+གསོ་སྤེལ”སྐུད་གཉིས་འཕེལ་རྒྱས་ཀྱི་ལམ་བར་དུ། མོས་ངལ་རྩོལ་ལ་བརྟེན་ནས“སྐྱིད་སྡུག་གནམ་ལ་བཅོལ་བ”ཡི་ལས་དབང་བསྒྱུར། མི་གཅིག་ཕྱུག་ན་ཕྱུག་པོ་མིན། ཚང་མ་ཕྱུག་ན་ད་གཟོད་ཕྱུག་པོ་ཡིན་པའི་གནས་ལུགས་དེ་པད་མ་མཁའ་འགྲོས་གསལ་པོར་རྟོགས་ཡོད། “དགོང་མོ་ཁོམ་པ་ཡོད་ན་རང་དགར་མ་འདུག ཚང་མ་ངེད་ཚང་ལ་ལག་རྩལ་སློབ་ཏུ་ཤོག” ནམ་རྒྱུན་ས་རུབ་རྗེས། པད་མ་མཁའ་འགྲོ་ཚང་གི་ར་སྐོར་ཆུང་ཆུང་དེའི་ནང་དུ་གློག་སྒྲོན་གསལ་ལམ་མེར་བཀར་ཡོད། མོ་རང་གིས་སྒོར་མོ་བྱིན་ནས་ལག་རྩལ་སློབ་དེབ་ཉོས་རྗེས། བུད་མེད་ཚོར་དགོང་ཚོགས་བསྡུས་ཏེ། ཡུལ་མི་ཚོར་མྱུ་གུ་གསོ་ཐབས་དང་སྡེབ་སྦྱོར་བྱེད་སྟངས་ཁྲིད་ཀྱིན་ཡོད། དབུལ་ཐར་མང་ཚོགས་བསོད་ནམས་འཚོ་ཡིས་རང་གིས་དང་ཐོག་འདེབས་འཛུགས་བྱས་པའི་རྡོ་ཀུབ་ཀྱི་མྱུ་གུ་སྐམ་སྐབས། པད་མ་མཁའ་འགྲོ་ཞིང་ནང་དུ་དུས་ཚོད་གསུམ་ཙམ་གྱི་རིང་ལ་ཙོག་པུར་བསྡད་དེ་ཞིབ་ལྟ་བྱས་པའི་རྣམ་པ་སེམས་ནས་བརྗེད་མ་མྱོང་། “མོས་རང་གིས་གསོས་པའི་སྔོ་ཚལ་གྱི་མྱུ་གུ་ལེགས་པོ་ང་ལ་བྱིན་པར་མ་ཟད། ད་དུང་གོ་རིམ་ཧྲིལ་པོའི་ཁྲོད་ཆུ་ལྡུག་པ་དང་ལུད་འཇོག་ཚུལ་སློབ་སྟོན་བྱས་ནས། རོགས་རམ་ཆེན་པོ་བྱས་མྱོང་བས། མཛའ་གཅུགས་ཡིད་སེམས་མཐུན་པའི་ཨ་ཅེ་ངོ་མ་ཞིག་དང་ཨ་ན་མ་ན་ཡིན”ཞེས་བཤད། པད་མ་མཁའ་འགྲོས་འབད་བརྩོན་ལྷོད་མེད་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱས་འོག སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ་ཚང་མའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་ངང་ངམ་ཤུགས་ཀྱིས་འགྱུར་ལྡོག་བྱུང་། ད་ལྟ་སྡེ་བའི་མང་ཚོགས་ཡོངས་ཧ་ལམ་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་དང་རྒྱུད་བཟང་ནོར་གནག་གསོ་སྤེལ་བྱེད་ཐབས་ལ་བྱང་ཆ་ལྡན་ཞིང་ཁོང་དུ་ཆུད་ཡག་ཡིན་པས། ཡོང་འཕར་གྱི་ཐབས་ལམ་རྒྱ་བསྐྱེད་པར་མ་ཟད། འཚོ་བའང་ཉིན་བཞིན་ཇེ་བདེ་ཇེ་སྐྱིད་རེད། གཟེངས་བསྟོད་ཚོགས་ཆེན་སྟེང་གི“ཤེས་ཡོན་ཅན་དང་རྩལ་ནུས་ཅན། གསར་གཏོད་ཅན་གྱི་ངལ་རྩོལ་པའི་རུ་དཔུང་ཆེན་མོ་བསྐྲུན་དགོས”ཞེས་པའི་སྐད་ཆ་དེས། པད་མ་མཁའ་འགྲོའི་ཆོད་སེམས་ཇེ་བརྟན་དུ་བཏང་། ཉིན་གཉིས་པར་མོས་རྫོང་གི་གསོ་སྦྱོང་བརྡ་སྦྱོར་ཕྱིར་བླངས་ཏེ། རྡོ་བརྐོས་འཛིན་གྲྭ་དང་གཡོས་སྦྱོར་འཛིན་གྲྭ་གཉིས་ཀར་མིང་ཐོ་བཀོད། “ལག་རྩལ་སྣ་འགའ་བསླབས་རྗེས། ཚང་མའི་སྣེ་ཁྲིད་དེ་ཡང་བསྐྱར་བགྲོད་ལམ་གསར་པ་ཞིག་བཏོད་རྒྱུ་ཡིན”ཟེར། པད་མ་མཁའ་འགྲོས་དངོས་སྒྲུབ་ལ་བརྟེན་ནས་ངལ་རྩོལ་གྱི་དོན་སྙིང་ལ་འགྲེལ་བརྗོད་བྱས། “ངལ་རྩོལ་ནི་མཐའ་གཅིག་ཏུ་དཀའ་སྤྱད་སྡུག་རུས་བྱེད་རྒྱུ་དེ་མིན་པར། ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ། ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་རྒྱུ་དེ་རེད།” རྩྭ་ཐང་དུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་ངལ་རྩོལ་དཔེ་ལེགས་ཅན་འདི་ནི་བཟོད་ནུས་ཆེ་བའི་སྐལ་བཟང་མེ་ཏོག་ཞིག་དང་འདྲ་བར། དུས་རབས་ཀྱི་དཔྱིད་རླུང་ཁྲོད་རང་ཉིད་ལ་དབང་བའི་ངོ་མཚར་གྱི་འོད་སྟོང་འཕྲོ་བཞིན་འདུག །