ཁྲག་ཤེད་མཐོ་བའི་ན་གཞོན་ཚོས་ཡིད་གཟབ་གནང་དགོས་ས་རེད།
发布时间:2025年05月28日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཁྲག་ཤེད་མཐོ་ན་སྙིང་ནད་ཁྲག་གཟེར་དང་གཟའ་གྲིབ་སོགས་ཀྱི་ནད་རིགས་མང་པོ་འབྱུང་སྲིད་པས། དེར་མི་རྣམས་ཀྱིས་ཁུ་སིམ་གྱི་ལག་དམར་བ་ཞེས་འབོད་ཀྱི་ཡོད། ཁྲག་ཤེད་མཐོ་བར་འཚོ་བའི་རྒྱུ་རྐྱེན་མང་དག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་ཡང་ཁྱིམ་རྒྱུད་ཀྱི་རྒྱུ་རྐྱེན་ཕུད། ལུས་ཤ་རྒྱགས་པ་དང་། ཡུན་རིང་ཆང་འཐུང་བ་དང་ཐ་མག་འཐེན་པ། སེམས་འཚབ་ཆེ་བ། གཉིད་མི་ཁུག་པ། འགུལ་སྐྱོད་མི་འདང་བ། ཚྭ་མང་བཟའ་བཏུང་བསྟེན་པ་སོགས་ཚང་མ་ནི་ད་ལྟའི་ལོ་གཞོན་ཚོར་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་རྒྱུ་རྐྱེན་གཙོ་བོ་འབའ་ཞིག་རེད།

图片

གཅིག གོམས་གཤིས་འདི་དག་ཁྲག་ཤེད་མཐོ་བའི་རྒྱུ། 

1 བསྡད་དྲགས་ན་ཁྲག་ཤེད་མཐོ་རུ་འགྲོ་སྲིད། 

ཡུན་རིང་བསྡད་དྲགས་ན་ཁྲག་རྩའི་ནང་པགས་ཀྱི་བྱེད་ལས་རྒྱུན་ལྡན་མིན་པ་ཆགས་ནས་ཁྲག་རྩ་འཁུམ་པ་དང་ཁྲག་ཤེད་མཐོ་རུ་འགྲོ་ཡི་ཡོད་ལ། ཁྲག་འཁོར་རྒྱུག་བྱེད་མི་ཐུབ་པ་དང་། ཁྲག་ནང་གི་རྙིང་ཚབ་གསར་བརྗེའི་སྙིགས་མ་ཁ་ཤས་དུས་ཐོག་ཏུ་གཙང་སེལ་མི་ཐུབ་པར་ཁྲག་ཤེད་མཐོ་རུ་འགྲོ་ཡི་ཡོད།

2 སྔུར་བ་ཚབས་ཆེ་ན། ལྐོག་འཇབ་རང་བཞིན་གྱི་ཁྲག་ཤེད་མཐོ་བར་གཟབ་དགོས།

མི་ཚོགས་འགའ་ཤས་ཀྱི་ཁྲག་ཤེད་བརྟན་པོ་མེད། གནས་ཚུལ་དེ་རིགས་ལ་ལྐོག་འཇབ་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་ཟེར་གྱི་ཡོད། སྨན་པས་དྲན་སྐུལ་བྱས་པ་ལྟར་ན། མཚན་མོར་གཉིད་ལོག་པའི་སྐབས་སུ་སྔུར་བ་ཚབས་ལྕི་བ་དང་། རྒྱུན་དུ་གཉིད་མི་ཁུག་པ། སེམས་ཀྱི་གནོན་ཤུགས་ཆེ་བ་སོགས་ཡོད་པའི་མི་ཚོགས་ཀྱིས་ཁྲག་ཤེད་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས། གལ་ཏེ་བརྟག་དཔྱད་བྱས་རྗེས། ཁྲག་ཤེད་མཐོ་བའི་འབེན་དབང་ལ་གནོད་སྐྱོན་མངོན་གསལ་དོད་པོ་ཕོག་པ་དཔེར་ན། མིག་གཏིང་ལ་གནོད་པ་དང་གཅིན་པར་སྤྲི་དཀར་ཉུང་ཙམ་ཡོད་པ་སོགས་ཤེས་ན། ཁྲག་ཤེད་མཐོ་བའི་ནད་ཕོག་ཡོད་མེད་ལ་བསམ་བློ་གཏོང་དགོས།

图片

གཉིས། ཁྲག་ཤེད་མཐོ་ན་ནོར་འཁྲུལ་གྱི་གོམས་གཤིས་འདི་དག་སྤོང་དགོས།

1 ཁྲག་ཤེད་དམའ་རུ་གཏོང་བའི་སྨན་ལ་ཞོར་སྐྱོན་ཡོད་པར་བསམ་ནས་སྨན་མ་ཟ་བ།

ཡུན་རིང་ཁྲག་ཤེད་གཅོག་པའི་སྨན་བསྟེན་ན་གཟུགས་པོར་ཞོར་སྐྱོན་ངེས་ཅན་ཞིག་ཡོད་ངེས་རེད།  འོན་ཀྱང་དེའི་རྐྱེན་གྱིས་སྨན་མ་བསྟེན་ན་ཁྲག་ཤེད་ཆག་མི་ཐུབ་པར་གནོད་འཚེ་དེ་བས་ཆེ་བ་ཡོད།

2 ཁྲག་ཤེད་མཐོ་ཡང་ནད་རྟགས་མེད་པས་སྨན་བཅོས་མི་བགྱི་བ། 

ཁྲག་ཤེད་མཐོ་བའི་ནད་པ་མང་པོ་ཞིག་ལ་འཚོ་བའི་ཁྲོད་དཔེ་མཚོན་ཅན་དང་མངོན་གསལ་རང་བཞིན་གྱི་ནད་རྟགས་མེད་མོད། འོན་ཀྱང་། ཁྲག་ཤེད་མཐོ་ན་ཐོག་མཐའ་བར་གསུམ་དུ་ལུས་ཕུང་ལ་གནོད་པས། སྔར་བཞིན་སྨན་པའི་བཀའ་མངག་ལྟར་དུས་ཐོག་ཏུ་ཁྲག་ཤེད་གཅོག་པའི་སྨན་བསྟེན་དགོས་པ་གལ་ཆེ།

3 ཁྲག་ཤེད་རྒྱུན་ལྡན་ཆགས་རྗེས་སྨན་མཚམས་འཇོག་བྱེད་པ།

ཁྲག་ཤེད་སྐབས་རེ་མཐོ་ཞིང་སྐབས་རེ་དམའ་བ་དེས་ལུས་པོར་ཧ་ཅང་གནོད་ཀྱི་ཡོད། དེར་བརྟེན། མ་གཞི་ཁྲག་ཤེད་རྒྱུན་ལྡན་ལྟར་གཏན་འཇགས་སུ་ལོག་ནའང་སྨན་མཚམས་འཇོག་བྱེད་མི་རུང་ཞིང་། ངེས་པར་དུ་སྨན་པའི་མཛུབ་སྟོན་འོག་ཆོས་ཉིད་ལྟར་ཁྲག་ཤེད་གཅོག་པའི་སྨན་བཅོས་བྱེད་དགོས་པ་དུས་མཚུངས། ཡང་བསྐྱར་བརྟག་དཔྱད་བྱེད་པར་མཐོང་ཆེན་བྱེད་དགོས། 

图片

གསུམ། ཁྲག་ཤེད་མཐོ་བ་འགོག་བཅོས་བྱེད་པའི་ཟས་སྤྱོད་བླང་བྱ།

1 ཁྲག་ཤེད་མཐོ་བ་འགོག་བཅོས་བྱེད་པའི་ཟ་སྟངས། 

ཟས་རིགས་ནང་ནཱ་ཚྭ་འདྲེས་ཚད་འོས་འཚམ་ངང་ཉུང་དུ་གཏོང་དགོས་པ་དང་། ཅཱ་ཚྭ་འདྲེས་ཚད་མང་དུ་བཏང་ན་ཁྲག་ཤེད་ནུས་ལྡན་ངང་དམའ་རུ་གཏོང་ཐུབ། སྐྱེ་བོ་དར་མར་མཚོན་ན། ཉིན་རེར་བཟའ་ཚྭ་འཇུ་ཚད་རིམ་བཞིན་ཁེ5མན་ཉུང་དུ་གཏོང་དགོས་ཤིང་། ཞག་ཚིལ་ཆེ་བ་དང་མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཟས་རིགས་ཉུང་ཙམ་ཟ་དགོས་པ་དང་། སྔོ་ཚལ་སོས་པ་དང་། ཤིང་འབྲས་དང་འབྲུ་རིགས་སྣ་འཛོམས་ཀྱི་ཟས་རིགས་མང་ཙམ་ཟ་དགོས། ཞག་ཚིལ་ཉུང་བའམ་ཡང་ན་ཞག་ཚིལ་མེད་པའི་འོ་མའི་ཐོན་རྫས་དང་། བྱ་ཤ། ཉ་ཤ། སྲན་ཆེན། སྲ་ཤུན་ཤིང་ཏོག་བཅས་མང་ཙམ་ཟ་དགོས་པ་དང་། མངར་ཆ་མང་བའི་བཟའ་བཏུང་འཛེམ་དགོས། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དུས་རྒྱུན་དུ་ཀུ་ཤུ་དང་ངང་ལག་བཟས་ན་ཁྲག་ཤེད་མཐོ་བའི་དབང་གིས་ཤི་བའི་ཉེན་ཁ40%དམའ་རུ་འགྲོ་ཐུབ། གཞན་ཡང་ད་དུང་ནམ་རྒྱུན་འཚོ་བའི་ནང་སྔོ་ཇ་དང་དམར་ཇ་སོགས་རྒྱ་ཇའི་རིགས་འཐུང་ནའང་ཁག་སོ་སོར་ཁྲག་ཤེད་མཐོ་བའི་ཉེན་ཁ6%དང26%ཇེ་ཆུང་དུ་འགྲོ་ཐུབ།

2 ཁྲག་ཤེད་མཐོ་བ་འགོག་བཅོས་བྱེད་པའི་ལུས་སྦྱོང་།

 རང་ངོས་ཀྱི་ལུས་པོའི་ཆ་རྐྱེན་དང་མཐུན་ན། གཟའ་འཁོར་རེར་ཉིན4ནས7བར་ཉིན་རེར་སྐར་མ30ནས60བར་གྱི་ལུས་སྦྱོང་ཚད་རན་པོ་བྱེད་དགོས། དཔེར་ན། མྱུར་སྐྱོད་དང་དལ་སྐྱོད། ཆུ་རྐྱལ་སོགས་དབྱང་རླུང་ཡོད་པའི་ལུས་སྦྱོང་གཙོ་བོ་བྱེད་དགོས།

3 ཁྲག་ཤེད་མཐོ་བ་འགོག་བཅོས་བྱེད་པའི་བློ་སྦྱོང་། 

ཐའེ་ཅི་དྲག་རྩལ་དང་ཏིང་འཛིན་སྒོམ་པ་སོགས་བློ་བདེ་བག་ཕེབས་སུ་གནས་ཐབས་དེས་ཀྱང་བསམ་པའི་གནོན་ཤུགས་ཇེ་ཆུང་དུ་བཏང་ནས་ཁྲག་ཤེད་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད།

མཇུག་མཐར་དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱ་དགོས་པ་དེ་ནི་ཁྲག་ཤེད་མཐོ་བ་སྔོན་འགོག་བྱེད་པའི་གནད་འགག་གལ་ཆེན་ཞིག་ཡིན།