པར་འདི་དག་གྲོགས་ཚོམས་སུ་བསྐུར་མི་རུང་།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
འདི་དག་གང་འདོད་དུ་ངོམ་མི་རུང་།

མེ་འཁོར་སྤ་སེ་དང་། གནམ་གྲུ་སྤ་སེ། གནམ་གྲུར་འཛེགས་བྱང་།
ཁྱིམ་གྱི་ལྡེ་མིག རླངས་འཁོར་ཨང་རྟགས་སོགས།
མི་སྒེར་གྱི་ཆ་འཕྲིན་འདུས་པའི་མེ་འཁོར་སྤ་སེ།གནམ་གྲུའི་སྤ་སེ།གནམ་གྲུར་འཛེགས་བྱང་། ཁྱིམ་གྱི་ལྡེ་མིག རླངས་འཁོར་ཨང་རྟགས་སོགས་ངོམས་ཚེ་ཁྲིམས་འགལ་པས་ཚན་རྩལ་ལག་ཐབས་སྤྱད་དེ་ཆ་འཕྲིན་རྐུ་འཕྲོག་བྱས་ནས་མི་སྒེར་གྱི་གསང་དོན་ཕྱིར་གྱར་སྲིད།

ལག་ཁྱེར་ངོམ་མི་རུང་།
དཔེར་ན་ཐོབ་ཐང་ལག་ཁྱེར་དང་། ལམ་ཡིག ཁ་ལོ་བའི་ལག་ཁྱེར། གཉེན་སྒྲིག་ལག་ཁྱེར་སོགས་ཀྱི་ནང་དུ་མི་སྒེར་གྱི་གསང་དོན་གལ་ཆེན་ཚུད་ཡོད་པས་ཁྱབ་བསྒྲགས་བྱེད་པར་གཟབ་གཟབ་བྱེད་དགོས།
དངུལ་ཁང་གི་ཨང་གྲངས་དང་གསང་གྲངས་ངོམ་མི་རུང་།
ཚོར་སྐྱེན་ཆ་འཕྲིན་འདུས་པའི་དངུལ་བྱང་ཨང་གྲངས་དང་གསང་གྲངས་སོགས་ངོམས་ཚེ་ཁྲིམས་འགལ་པས་རྐུ་སྤྱོད་བྱས་ནས་རྒྱུ་ནོར་ལ་གྱོང་གུན་བཟོ་སྲིད།
གནས་ཡུལ་གྱི་ཆ་འཕྲིན་ངོམ་མི་རུང་།
གནས་ངེས་གནས་ཡུལ་དང་། རང་གི་གནས་ཡུལ། གནས་ཡུལ་ཆ་འཕྲིན་ཡོད་པའི་འདྲ་པར་སོགས་ངོམས་ཚེ། མི་སྒེར་གྱི་སྡོད་གནས་ངོ་མ་ཕྱིར་མངོན་སླ་བས། དགོས་མེད་ཀྱི་རྙོག་དྲ་དང་ཉེན་ཁ་འབྱུང་སྲིད།
སྒམ་ཁ་འབྱེད་པའི་བརྙན་ངོམ་མི་རུང་།
ལག་ཏུ་འབྱོར་བའི་དངོས་པོ་ངོམ་ཆོག་མོད། སྒམ་ཁ་འབྱེད་པའི་བརྙན་ལམ་ཆ་ཚང་ནང་མྱུར་སྐྱེལ་འཛིན་ཡིག་སྟེང་གི་མིང་དང་ཁ་པར་གྱི་ཨང་གྲངས་ཡོད་པས། ཁྲིམས་འགལ་པར་གོ་སྐབས་སྤྲོད་སྲིད།
རྒན་རྒོན་དང་བྱིས་པའི་འདྲ་པར་དང་རུས་མིང་ངོམ་མི་རུང་།
ཁྲིམས་འགལ་པས་རྒན་རྒོན་དང་བྱིས་པའི་འདྲ་པར་དང་ཆ་འཕྲིན་བེད་སྤྱད་ནས་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་ཉེན་ཡོད་པས། དེ་དག་གི་ཆ་འཕྲིན་དྲ་ཐོག་ལ་མི་སྤེལ་བ་དང་། གལ་ཏེ་དངོས་གནས་མཉམ་སྤྱོད་བྱ་འདོད་ན་ཁྱབ་ཁོངས་ཚོད་འཛིན་བྱས་ནས་ཚོགས་ཆུང་བགོས་པའི་རྣམ་པའི་ཐོག་ནས་གཉེན་ཉེའི་ཚོགས་ལ་མཉམ་སྤྱོད་བྱས་ཆོག
མི་གཞན་གྱི་གསང་དོན་ཆ་འཕྲིན་ངོམ་མི་རུང་།
ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག མི་གཞན་གྱི་གསང་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ན། མི་གཞན་གྱི་གསང་བའི་དབང་ཆར་བཙན་གནོད་བྱས་པས། དོ་བདག་ལ་ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དབང་ཆ་ཡོད།
ར་སྤྲོད་མ་བྱས་པའི་ཆ་འཕྲིན་ངོམ་མི་རུང་།
ར་སྤྲོད་མ་བྱས་པའི་ཆ་འཕྲིན་མཐོང་སྐབས། དེ་ལ་ལས་སླ་མོར་ཡིད་ཆེས་བྱེད་མི་རུང་བ་མ་ཟད་གྲོགས་ཚོམས་སུའང་ཁྱབ་བསྒྲགས་བྱེད་མི་རུང་། དཔྱོད་ཤེས་དང་གཟབ་ནན་བྱེད་དགོས་པ་ལས། དཀྲོག་གཏམ་བཟོ་མཁན་དང་ཁྱབ་སྤེལ་བྱེད་མཁན་དུ་འགྱུར་མི་རུང་།