ཉ་དང་འདབ་ཆགས་ཀྱིས་མི་དང་རང་བྱུང་འཆམ་མཐུན་གྱི་མཛེས་རིས་བྲིས་པ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཞོགས་པར། ཉི་འོད་ཐོག་མ་སྨུག་གསེབ་བརྒྱུད་ནས་འཕྲོས་དུས། མཚོ་སྔོན་པོའི་འགྲམ་ངོགས་སུ་གནས་པའི་མཚོ་འཁྱིལ་ཞང་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་ཆུ་ངོས་ལྷིང་ཞིང་འཇགས་ལ་མེ་ལོང་དང་མཚུངས་ཤིང་། རྒྱང་རིང་གི་མུ་འབྲེལ་རི་བོ་ནི་ཞོགས་པའི་ཉི་འོད་ཁྲོད་རེས་གསལ་རེས་མོག་ཏུ་གྱུར་ཏེ། མཛེས་སྡུག་ལྡན་པའི་སྣག་རིས་ཤིག་དང་འདྲ། གསེར་མདོག་གི་ཉི་མ་རིམ་གྱིས་མཁའ་ལ་འཕགས་པ་དང་བསྟུན་ནས། ནམ་མཁའ་ལ་མཛེས་སྡུག་ལྡན་པའི་ཚོན་མདོག་བྱུགས་ལ། ཉི་འོད་ཆུ་ངོས་སུ་འཕྲོ་སྐབས། རྡོ་རྗེ་ཕ་ལམ་གྲངས་མེད་པ་ཅིག་གིས་བཀྲག་མདངས་འཚེར་བཞིན་པ་དང་འདྲ་ཞིང་། རྒྱང་རིང་དུ་ཆུ་བྱའི་གཤོག་ལྕག་གིས་ཆུ་ངོས་འབྲབ་ཀྱིན་དངུལ་གྱི་མུ་ཏིག་གཏོར་བཞིན་མཆིས།

རྒྱང་རིང་ནས་སླེབས་པའི་ཡུལ་སྐོར་པ་རྣམས་རྨི་ལམ་ལྟ་བུའི་མཛེས་ལྗོངས་འདིས་རང་དབང་མེད་པར་བཀུག་སྟེ། འཚང་ཁ་ཤིག་ཤིག་གིས་ཤིང་ལམ་དུ་པར་ལེན་བཞིན་འདུག གནས་འདིར། དུས་ཚོད་ཇེ་དལ་དུ་གྱུར་པ་དང་འདྲ་ལ། མི་རྣམས་ཀྱིས་འཇིག་རྟེན་གྱི་སུན་སྣང་དང་འུར་སྒྲ་བརྗེད་པར་བྱས་ཏེ། ལྷིང་འཇགས་དང་མཛེས་སྡུག་གི་ཁྲོད་དུ་སིམ་འདོད།
མཚོ་སྔོན་པོའི5Aརིམ་པའི་མཛེས་ལྗོངས་ཁུལ་ལ་གཞི་བཅོལ་བ་དང་། མཚོ་སྐོར་བྱང་ངོགས་ཀྱི་མཛེས་ལྗོངས་ཁུལ4ཡིས་འདེགས་སྐྱོར་བྱེད་པ། ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། རྐང་ཚ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པའི་དམིགས་འབེན་ལ་དམ་པོར་དམིགས་ནས།“ཡུལ་ལྗོངས་ལྟ་ན་སྡུག་པ། མི་གཤིས་ཀུན་སྤྱོད་ཡག་པ། བརྩེ་བ་ལྷད་མེད་པའི”སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་བཙུགས་ཏེ།ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་དང་མཉམ་འདྲེས་ཀྱིས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་ཁྲིད་བྱེད་པའི་གོ་སྐབས་དང་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་ཡུན་བསུས་ཡོད།

འོམ་བུའི་མེ་ཏོག་གིས་མཚོ་སྔོན་པོའི་འགྲམ་ངོགས་སུ་བསིལ་རླུང་བསུ་བཞིན་རྣམ་པར་བཞད་དུས། མཚོ་སྔོན་པོའི་གསེར་ཉ་ཁྲི་སྟོང་མང་པོས་ལོ་གཅིག་ལ་ཐེངས་གཅིག་གི་ཉ་སྒོང་གཏོང་དུ་འགྲོ་བའི་འགྲུལ་བཞུད་མགོ་ཚུགས།
མཚོ་སྔོན་པོའི་འབབ་རྒྱུད་ཀྱི་གནད་འགག་དངོས་རིགས་ཤིག་ཡིན་པའི་ངོས་ནས་མཚོ་སྔོན་པོའི་གསེར་ཉ་ཡིས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི“ཆུ་དང་ཉ་མོ་དང་འདབ་ཆགས”བཅས་ཀྱི་སྐྱེ་ཁམས་འབྲེལ་ཐག་དང་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད།

གཡུ་མདོག་གི་ནམ་མཁའི་འོག མཐའ་ཡས་པའི་རྩྭ་ཐང་ལ་ལྗང་མདོག་གི་སྐྱེ་སྟོབས་རྒྱས་ཤིང་། འོམ་ཆུ་དང་མཚོ་འཁྱིལ་ཆུ་བོ་སོགས་ཀྱི་ཆུ་ལམ་དུ། མཚོ་སྔོན་པོའི་གསེར་ཉ་ཁྱུ་དང་ཁྱུ་བྱས་ཏེ་ཚེ་སྲོག་གི་མགོ་ཁུངས་སུ་གྱེན་དུ་རྐྱལ་བཞིན་ཡོད། དེ་ཚོས་སྤྱི་ལེ་བཅུ་ཕྲག་གམ་ཐ་ན་སྤྱི་ལེ་བརྒྱ་ལྷག་གི་ཆུ་ཁོངས་བརྒལ་ནས་ཚྭ་མེད་ཆུ་བོའི་ནང་དུ་སོང་ནས་སྒོ་ང་གཏོང་གི་ཡོད་པས“ཆུ་བོའི་ཕྱེད་ཀ་ཉ་དང་ཕྱེད་ཀ་ཆུ་ཡིན་པའི”ངོ་མཚར་གྱི་སྣང་ཚུལ་མངོན་ཡོད།