དབྱར་ཁར་སྲན་མའི་རིགས་མང་དུ་ཟོས་ན་ལུས་པོར་ཕན་ཐོགས་ཆེ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། འཇིག་རྟེན་གྱི་ཁ་དཔེར། “དབྱར་ཁའི་སྲན་མ་ཤ་ལས་ལྷག”ཅེས་ཟེར་སྲོལ་ཡོད་པར་མ་ཟད། སྲན་མའི་རིགས་ཀྱི་སྔོ་ཚལ་ལ་ཟས་ཅོག་སྟེང་གི“ནུས་པ་ཀུན་འཛོམས་ཀྱི་སྔོ་ཚལ”ཞེས་སུ་འབོད་སྲོལ་ཡོད་པས། དབྱར་ཁའི་དུས་སུ་སྲན་མའི་རིགས་ཀྱི་སྔོ་ཚལ་མང་ཙམ་ཟོས་ན། ལུས་ཁམས་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད། གཅིག སྲན་མའི་རིགས་ཀྱི་སྔོ་ཚལ་ལ་དགེ་མཚན་ཆེན་པོ་གསུམ་ལྡན། 1.བཟའ་བཅའི་ཚི་སྣ་མཐོ་བ། སྲན་མའི་རིགས་ཀྱི་སྔོ་ཚལ་གྱི་བཟའ་བཅའི་ཚི་སྣ་འདུས་ཚད་སྔོ་ཚལ་གཞན་ལས་མཐོ་བས། དེ་མང་ཙམ་ཟོས་ན་རྒྱུ་མར་སྲུང་སྐྱོབ་དང་། ལུས་པོའི་ལྗིད་ཚད་ཚོད་འཛིན། ཁྲག་ཤེད་ཇེ་དམའ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད། 2.འཚོ་རྒྱུ་ཅཱ་མཐོ་བ། ཤིང་འབྲས་ངང་ལག་ཁྲོད་འཚོ་རྒྱུ་ཅཱ་འདུས་ཚད་ཁེ100རེར་ཧའོ་ཁེ256ཡིན་ཞིང་། དེ་དང་བསྡུར་ན་སྲན་རིགས་མི་འདྲ་བའི་ནང་དུ་འཚོ་རྒྱུ་ཅཱ་འདུས་ཚད་དེ་ལས་ཀྱང་མཐོ་བ་རེད། དཔེར་ན། མོན་སྲན་ཁྲོད་འཚོ་རྒྱུ་ཅཱ་འདུས་ཚད་ཁེ100རེར་ཧའོ་ཁེ196ཡིན་པ་དང་། ཚ་ཚད་ནི་ཁེ100རེར་སྟོང་ཁེ24ལས་ཟིན་གྱི་མེད་པས། འཚོ་བཅུད་ཅཱ་ཡི་སྟུག་ཚད8.17ཡིན་པ་དེ་ངང་ལག་གི2.75ལས་ཤིན་ཏུ་མཐོ་བ་རེད། 3.འཚོ་རྒྱུ་ཀལ་མཐོ་བ། དཔེར་ན། སྤུ་སྲན་སོས་པའི་ནང་གི་འཚོ་བཅུད་ཀལ་གྱི་འདུས་ཚད་ནི་འོ་མ་ལས་མཐོ་བ་ཡོད་པ་དེ་རྒྱུ་མའི་བདེ་ཐང་ལ་ཕན་ཞིང་། ལུས་ཁམས་ཀྱི་གློག་འབྱེད་རྫས་དོ་སྙོམས་ཡོང་བར་བྱེད་པ། རུས་པའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཕན་ནུས་གལ་ཆེན་ཐོན་གྱི་ཡོད་པར་མ་ཟད། དེའི་ནང་སྤྲི་དཀར་རྫས་འདུས་ཚད13.1%ཟིན་གྱི་ཡོད་པ་དེ་ཕག་ཤ་དང་ཉེ་ཞིང་། སྔོ་ཚལ་གཞན་དག་ལས་ལྡབ་འགྱུར་གྱིས་མཐོ་བ་ཡོད་ལ། ད་དུང་ཨན་གཞི་སྐྱུར་གྱི་རིགས་མ་ལུས་པ་འདུས་ཡོད། གཉིས། སྲན་མ་ཟ་སྐབས་ངེས་པར་བཙོས་ནས་ཚོས་དགོས། སྲན་མའི་རིགས་ལ་འཚོ་བཅུད་རིན་ཐང་ཆེན་པོ་ལྡན་མོད། འོན་ཀྱང་ཞན་ཆ་ཞིག་ཡོད་པ་ནི་ཟས་དུག་ཕོག་སླ་བ་རེད། ཟས་དུག་ཕོག་ན་སྐྱུག་མེར་ལངས་པ་དང་། གྲོད་པ་ན་བ། བཤལ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། དེས་ན། སྲན་མ་མ་ཟོས་སྔོན་དུ་བཙོས་ནས་ཚོས་དགོས། གསུམ། མི་འདི་དག་གིས་དབྱར་ཁར་སྲན་མ་ཟོས་ན་བཟང་། 1.རྔུལ་ཆུ་ཐོན་མང་བའི་མི།གོང་དུ་བཤད་པ་ལྟར། སྲན་མའི་རིགས་ནི་འཚོ་བཅུད་ཅཱ་འདུས་ཚད་མང་བའི་ཟས་རིགས་ཤིག་ཡིན་པས། འོས་འཚམ་ཞིག་ཟོས་ན། རྔུལ་ཆུ་མང་པོ་ཐོན་པའི་རྐྱེན་གྱིས་ལུས་ཁམས་ཀྱི་གློག་འབྱེད་རྫས་རྒྱུན་ལྡན་མིན་པ་སོགས་ཀྱི་སྣང་ཚུལ་དུས་ཐོག་ཏུ་སྙོམས་སྒྲིག་བྱེད་ཐུབ། འོན་ཀྱང་མཁལ་ནད་ཡོད་པའི་ནད་པས་ཁྲག་ཅཱ་མཐོ་བའི་སྐབས་སུ་སྲན་རིགས་ཟ་ཚད་ཚོད་འཛིན་བྱེད་དགོས་ལ། སྲན་རིགས་མི་འཕྲོད་པའི་མི་ཚོགས་ཀྱིས་འཛེམ་དགོས། 2.ཤ་ཉུང་ངུ་ལས་མི་ཟ་མཁན།གོང་དུ་བཤད་པ་ལྟར། སྲན་མའི་རིགས་ལ་སྤྲི་དཀར་རྫས་ཕུན་སུམ་ཚོགས་པོ་འདུས་ཡོད་པར་མ་ཟད། ཨན་གཞི་སྐྱུར་གྱི་བསྡུར་ཚད་མིའི་ལུས་ཁམས་ཀྱི་དགོས་མཁོ་དང་མཐུན་པས། དཀར་ཟས་ཟ་མཁན་དང་ཤ་ཉུང་ཉུང་ལས་མི་ཟ་མཁན་གྱིས་ཟོས་ན་ལུས་ལ་སྤྲི་དཀར་རྫས་ཀྱི་འཚོ་བཅུད་འཕེལ་བར་ཕན་ཐོགས་ཡོད། 3.བཤང་འགག་སླ་བའི་མི།ཆེད་མཁས་པས་སྲན་མའི་རིགས་ལ་སྲན་ཆེན་དང་སྔོ་ཚལ་གཉིས་ཀྱི་འཚོ་བཅུད་རིན་ཐང་ལྡན་པ་དང་། ལྷག་པར་དེའི་ནང་བཟའ་བཅའི་ཚི་སྣ་ཕུན་སུམ་ཚོགས་པོ་འདུས་ཡོད་པས། ཕོ་བ་དང་རྒྱུ་མའི་འགུལ་སྐྱོད་ལ་ཕན་ཞིང་བཤང་འགག་སྔོན་འགོག་བྱེད་པ་སོགས་ལ་ཕན་ཐོགས་ཡོད་པ་བསྟན་ཡོད། འོན་ཀྱང་། སྤུ་སྲན་དང་སྲན་མ་སོས་པ་སོགས་ལ་ཚི་སྣ་འདུས་ཚད་མཐོ་བས། རང་གི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་ཚད་གཞི་རན་པོ་བྱེད་དགོས་པ་གལ་ཆེའོ། ། འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།