རེབ་གོང་དུ་དབྱར་ལྗོངས་རིག་རྩེད་ཁྲོམ་རའི་སྒོ་འབྱེད་མཛད་སྒོ་སྤེལ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད8ཀྱི་སྟེང་། ཀྲུང་གུང་ཐུན་རིན་གྲོང་ཁྱེར་ཏང་ཨུ་དང་ཐུན་རིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཐུན་རིན་གྲོང་ཁྱེར་དྲིལ་སྒྲོག་པུའུ་དང་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་སྒྲུབ་འགན་འཁུར་ཞིང་། ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་དང་ཐུན་རིན་གྲོང་ཁྱེར་རིག་གནས་ཁང་གིས་རོགས་སྒྲུབ་གནང་བའི་རེབ་གོང་སྒྱུ་རྩལ་རིག་དངོས་ཁྱམས་རིང་དབྱར་ལྗོངས་རིག་རྩེད་ཁྲོམ་རའི་སྒོ་འབྱེད་མཛད་སྒོ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར། འཛམ་གླིང་ཐང་ག་ཡི་ཕ་ས་ཞེས་པའི་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ཏུ་འབར་བའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་སེང་གེ་གཤོང་ནས་གཟབ་རྒྱས་ངང་འཚོགས།


མགོ་རྩོམ་མཛད་སྒོའི་སྟེང་རེབ་གོང་ས་གནས་ཀྱི་དམངས་ཁྲོད་ཞབས་བྲོ་དང་ལྷ་རྩེད། བོད་ཀྱི་ཟློས་གར། ཐང་གའི་སྒྱུ་རྩལ་ངོམ་པའི་འཁྲབ་སྟོན། དེ་མིན་བོད་ཀྱི་ན་གཞོན་གླུ་བ་གྲགས་ཅན་སྐོར་ཞིག་གིས་ངག་སྙན་མོའི་འགྱུར་ཁུགས་དབྱངས་སུ་བཀུག་སྟེ་རེབ་གོང་ཕ་ཡུལ་ལ་བསྟོད་གླུ་བླངས་ཤིང་། དུས་རབས་གསར་པར་བསྟོད་གླུ་བླངས་པས་རྒྱ་ཆེའི་ལྟད་མོ་བ་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག་སྟེ་དགའ་བསུ་ཚད་མེད་ཐོབ་པ་དང་། ཡུལ་དངོས་སུ་ལག་ཟུང་ཐལ་མོའི་རྡེབ་སྒྲ་དང་སྐད་གསེང་མཐོན་པོའི་འབོད་སྒྲས་ཁེངས།
