ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་མཐོང་ཐོས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2025ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་ཟླ9པའི་ཚེས5ཉིན་ནག་ཆུའི་གེ་སར་རྟ་རྒྱུག་ཐང་དུ་མགོ་ཚུགས་པ་རེད། ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་ནང་ལུས་རྩལ་འགྲན་བསྡུར་དང་རིག་རྩལ་འགྲེམ་འཁྲབ། རིག་གནས་ཡུལ་སྐོར་འོས་སྦྱོར་སོགས་བྱ་འགུལ་མང་པོ་འདུས་ཡོད་པས། མང་ཚོགས་དང་ཡུལ་སྐོར་བ་མང་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་བྱང་ཐང་གི་ས་ཆར་ལོ་རེའི་དབྱར་དུས་མཇུག་བསྒྲིལ་ཅིང་སྟོན་དུས་མགོ་ཚུགས་མ་ཐག་གཟབ་རྒྱས་ངང་ཚོགས་པའི་ཡུལ་ཁམས་ཀུན་ཏུ་གྲགས་ཆེ་བའི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་ཞིག་ཡིན། 2009ལོར་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་སྲུང་སྐྱོབ་མིང་གཞུང་སྐོར་གཉིས་པའི་ནང་བཅུག་པ་དང་། 2021ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་སྲུང་སྐྱོབ་མིང་གཞུང་སྐོར་ལྔ་པའི་ནང་བཅུག་ཡོད། འཆར་ཅན་རྟ་རྒྱུག་དུས་ཆེན་ནི་དཔའ་སྟོབས་དང་སྒྱུ་རྩལ་འགྲེམ་སྟོན་བྱེད་པའི་ལུས་རྩལ་རྩལ་འགྲན་གྱི་གསོལ་སྟོན་གཟབ་རྒྱས་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། །
























