རི་སྐྱེས་སྲོག་ཆགས་གསའ་ཡང་ཡང་མངོན་པ་དེས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་མཚོན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

འདི་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ཁུལ་མཚོ་སྔོན་ཡུག་ཁུལ་ནས་བླངས་པའི་གསའ་རེད།
2012ལོར། གྲོགས་པོ་ཚོའི་ཤུགས་རྐྱེན་འོག པའོ་ཡོན་ཆིན་གྱིས་ཀྱང་ཕ་ཡུལ་གྱི་རི་སྐྱེས་སྲོག་ཆགས་པར་ལེན་མགོ་བརྩམས། རི་སྐྱེས་སྲོག་ཆགས་གསའ་ཡི་འཚོ་སྡོད་གནས་ཚུལ་ཆ་ཚང་ངང་ཐོ་འགོད་བྱ་ཆེད། པའོ་ཡོན་ཆིན་སྔོན་ཆད་གསའ་ཚང་དང་བར་ཐག་སྨི200མ་གཏོགས་མེད་པའི་མདོ་ལ་རི་བོའི་དཀྱིལ་དབུས་ཀྱི་ས་བབ་སྨི4000ཡན་གྱི་གྲོག་རོང་གི་བྲག་ཕུག་ཞིག་ཏུ་ཉིན9ལ་བསྡད་མྱོང་།
ཁོས་བཤད་རྒྱུར། ཐག་ཉེ་ས་ནས་བརྙན་ལེན་དང་ལྟ་ཞིབ་བྱས་པ་ན། གསའ་ཕོ་ཡིས་འཁྲིག་སྦྱོར་བྱས་ཚར་རྗེས་གསའ་མོ་དང་གསའ་ཕྲུག་དག་དང་ཁ་བྲལ་ནས་འགྲོ་བ་དང་། གསའ་ཕྲུག་ནི་རང་གི་ཨ་མ་ཁོ་ནས་གཉོར་སྐྱོང་བྱེད་པ་ཞིག་ཡིན། གསའ་ཕྲུག་ལོ་གཉིས་ཙམ་ལ་ལོན་དུས་ཁེར་རྐྱང་དུ་འཚོ་སྡོད་བྱེད་དགོས་པ་མ་ཟད་རང་གི་ས་ཁོངས་ཞིག་འཚོལ་དགོས་པ་རེད། པར་མིག་ནང་གི་གསའ་ཡི་རྒྱབ་ཕྱོགས་ནི་གསའ་དེ་དག་གི་དག་གཙང་དང་རྔམ་བརྗིད། ལྷིང་འཇགས་ཀྱི་ཁྱིམ་གཞིས་ཡིན།
ཀྲུང་གོ་ནི་གསའ་འཚོ་སྡོད་བྱེད་སའི་རྒྱ་ཁྱོན་ཆེས་ཆེ་ཞིང་ཁྱུ་ཚོགས་ཀྱི་གྲངས་འབོར་ཆེས་མང་བའི་རྒྱལ་ཁབ་ཡིན། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་ལེན་ཞིན་མུན་གྱིས་བཤད་རྒྱུར། གསའ་ནི་རི་མཐོའི་སྐྱེ་ཁམས་མ་ལག་གི་སྲོག་ཆགས་རིགས་རྩ་ཆེན་དང་དམིགས་བསལ་གྱི་སྲུང་སྐྱོབ་བྱེད་དགོས་པའི་སྲོག་ཆགས་རིགས་ཡིན་པ་མ་ཟད། གནམ་གཤིས་འགྱུར་ལྡོག་དང་ཆུའི་ཐོན་ཁུངས་བདེ་འཇགས་ཡིན་མིན་གྱི་ཕྱོགས་སྟོན་དངོས་རིགས་ཀྱང་ཡིན་ལ། ཤ་གཟན་རྩེ་གྲའི་གོ་གནས་ནས་སྐྱེ་ཁམས་ཕྲེང་འབྲེལ་བདེ་ཐང་གནས་ཚུལ་དང་གནད་འགག་དམིགས་ཚད་མཚོན་བཞིན་ཡོད།

“མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་འཛིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་བཙུགས་པ་མ་ཟད། གསའ་ཡིས་སྣེ་ཁྲིད་བྱེད་པའི་སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་འཇལ་རྟོག་ཞིབ་མ་ལག་བཙུགས་ཡོད་པས། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གསའ་ཡི་གྲངས་འབོར1200ལྷག་ཟིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་ཏུའུ་ཕིང་ཀའེ་ཡིས་དེ་ལྟར་བཤད། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་དཔྱད་དཔོག་ལྟར་ན། མཚོ་སྔོན་གྱི་གསའ་འཚོ་སྡོད་བྱེད་ས་སྨི་གྲུ་བཞི་མ་ཁྲི47ཟིན་ནས་མཚོ་བོད་མཐོ་སྒང་གི་གསའ་འཚོ་སྡོད་བྱེད་གནས་རྒྱ་ཁྱོན་གྱི25%ཟིན་ཡོད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང(གདམ་བྱའི་ས་ཁུལ)མཚོ་སྔོན་ཡུག་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད། གསའ་སོགས་རི་སྐྱེས་སྲོག་ཆགས་ལ་སྨི་གྲུ་བཞི་མ་ཁྲི20ཡི་འཚོ་སྡོད་སྲུང་སྐྱོབ་བར་སྟོངས་བསྐྲུན་ཡོད། གསའ་ཡི་ཁྱུ་ཚོགས་ཀྱང་མུ་མཐུད་དུ་ཇེ་མང་དུ་ཕྱིན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་གྲུབ་འབྲས་ལེགས་པོ་བླངས་པ་མཚོན་ཡོད།