网站无障碍
རླབས་ཕྲན་ཐབ་ཀ ཐབ་ཆས་ཀྱི་གསར་བརྗེ།
发布时间:2025年12月03日 消息来源:

རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  1945ལོར། ཨ་རིའི་བཟོ་བཀོད་པ་སི་ཕཱན་སེས་རེག་བརྡའི་སྡུད་ཀྱིས་ཚོད་འཛིན་བྱེད་པའི་སྦུ་གུ་སྒྲིག་སྦྱོར་བྱེད་དུས། གློ་ཁུག་ནང་གི་ལྕོག་ལེ་དེ་མ་བསམ་ས་ནས་བཞུས་འདུག་པ་ཚོར། སི་ཕཱན་སེས་དེར་བརྟེན་ནས་རླབས་ཕྲན་བེད་སྤྱད་དེ་ཟས་རིགས་ཚོས་སུ་འཇུག་པའི་བསམ་ཚུལ་བཏོན་ཐོག 1947ལོར་འཛམ་གླིང་སྟེང་གི་ཁྱིམ་སྤྱོད་རླབས་ཕྲན་ཐབ་ཀ་ཨང་དང་པོ་ཞིབ་འཇུག་གསར་བཟོ་བྱས། རླབས་ཕྲན་ཐབ་ཀ་བུད་པའི་དུས་དེ་ནས་བཟུང་། བུད་མེད་གང་མང་ཞིག་ལ་ཐབ་ཚང་ནང་ནས་བཅིངས་འགྲོལ་ཐོབ།

图片

1940ལོར། དབྱིན་ཇིའི་གསར་གཏོད་པ་གཉིས་ཀྱིས་རེག་བརྡའི་མ་ལག་ལེགས་བཅོས་བྱེད་སྐབས།“རེག་བརྡའི་སྡུད་ཀྱིས་ཚོད་འཛིན་བྱེད་པའི་སྦུ་གུ”གཤམ་ནས་བསྡུས་མིང་དུ་སྡུད་ཀྱི་ཚོད་སྦུག་ཟེརཞེས་པའི་ཡོ་བྱད་ཅིག་ཇུས་འགོད་བྱས་ཤིང་། དེ་ལས་གློག་རླབས་ཐུང་བའི་ཁྱབ་འགྱེད་ཅིག་སྟེ་རླབས་ཕྲན་གྱི་ནུས་པ་ཐོན་པ་རེད། ཕྱིས་སུ། དབྱིན་ཇིའི་ཚན་རིག་པས་སྡུད་ཀྱི་ཚོད་སྦུག་གི་དཔེ་མཚོན་ཐོན་རྫས་ཁྱེར་ནས་ཨ་རིའི་འབྲུག་སྒྲ་སྤྱི་གཉེར་ཁང་དང་མཉམ་ལས་བྱས།

1945ལོར། ཨ་རིའི་བཟོ་བཀོད་པ་སི་ཕཱན་སེས་འབྲུག་སྒྲ་སྤྱི་གཉེར་ཁང་ལ་རེག་བརྡའི་སྡུད་ཀྱི་ཚོད་སྦུག་སྒྲིག་སྦྱོར་བྱེད་ཚེ། གློ་ཁུག་ནང་དུ་བཅུག་ཡོད་པའི་ལྕོག་ལེ(巧克力)བཞུས་འདུག་པ་ཚོར།

“ལྕོག་ལེ་བཞུས་འདུག་པ་འདི་རླབས་ཕྲན་གྱིས་ནུས་པ་བསྐྱེད་པ་ཨེ་ཡིན་ནམ།”སི་ཕཱན་སེས་སྣང་ཚུལ་དེ་གཞིར་བཟུང་ནས་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་པ་དང་ཆབས་ཅིག་ཏུ།  སྔ་གཞུག་ཏུ་སྡུད་ཀྱི་ཚོད་སྦུག་གི་རྩིབ་ཏུ་མ་རྨོས་ལོ་ཏོག་དང་བྱ་སྒོང་ལ་སོགས་པའི་ཟས་རིགས་བཞག་ནས་ཚོད་ལྟ་བྱས་པར། ངར་ནས་བཀད་པའི་བྱ་སྒོང་གིས་ཁོང་གི་ལུས་ཡོངས་བརྫད་པ་རེད། སི་ཕཱན་སེས་དེར་བརྟེན་ནས་རླབས་ཕྲན་བེད་སྤྱད་དེ་ཟས་རིགས་ཚོས་སུ་འཇུག་པའི་བསམ་ཚུལ་བཏོན་པ་དང་སྦྲགས། འབྲུག་སྒྲ་སྤྱི་གཉེར་ཁང་དང་མཉམ་དུ་ཟས་རིགས་གཡོས་སྦྱོར་རྐྱང་རྐྱང་བྱེད་པའི་རླབས་ཕྲན་ཐབ་ཀ་ཞིབ་འཇུག་གསར་སྤེལ་བྱས་མཐར། 1947ལོར་འཛམ་གླིང་སྟེང་གི་ཁྱིམ་སྤྱོད་རླབས་ཕྲན་ཐབ་ཀ་ཨང་དང་པོ་གསར་བཟོ་བྱས།

དུས་ད་ལྟ་རླབས་ཐབ་མི་སེར་དཀྱུས་མ་ཀུན་གྱི་ཁྱིམ་ཚང་ནང་དུ་ཐོན་ཡོད། དེ་ཡང་རླབས་ཐབ་ཟེར་བ་དེ་མིང་གི་ཐོག་ནས་བསམ་ན་དེ་ནི་རླབས་ཕྲན་ལ་བརྟེན་ནས་ཟས་ཟ་མ་ཚོས་སུ་འཇུག་པ་དེ་རང་རེད། རླབས་ཕྲན་ནི་གློག་སྡུད་ཀྱི་རླབས་ཕྲེང་རིགས་ཤིག་ཡིན་ཞིང་། དེའི་ནུས་ཚད་ནི་འཆར་ཅན་གྱི་སྐུད་མེད་གློག་རླབས་ལས་ཤིན་ཏུ་ཆེ་བར་མ་ཟད། དེར“རང་གཤིས”ཆེན་པོའང་ཡོད་པ་སྟེ། རླབས་ཕྲན་ལྕགས་རིགས་དང་འཕྲད་ཚེ་ལྡོག་འཕྲོ་རྒྱག་པ་རེད། འོན་ཀྱང་ལྕགས་རིགས་ལ་དེ་ལེན་པ་དང་མཐུད་ཁྲིད་ཀྱི་བྱེད་ཐབས་ཡེ་ནས་མེད་པ་དང་གཅིག རླབས་ཕྲན་ཤེལ་དང་རྫ་དཀར། སྤོས་འགྱིག་ལ་སོགས་པའི་གློག་རྒྱུན་ཆོད་པའི་རྒྱུ་ཆ་དེ་དག་གིས་མི་ཁོགས་མོད། འོན་ཀྱང་ནུས་ཚད་ཟད་གྲོན་མི་བྱེད་པ་དང་གཉིས། བརླན་གཤེར་ཅན་གྱི་ཟས་རིགས་ཡིན་ཚེ་རླབས་ཕྲན་གྱིས་དེ་བརྟོལ་མི་ཐུབ་པར་མ་ཟད། དེའི་ནུས་ཚད་དེ་ལས་ལྡོག་སྟེ་ཟས་རིགས་ཀྱིས་བླངས་འགྲོ་བ་དང་གསུམ་བཅས་ཀྱི་དགེ་མཚན་ལྡན་པ་རེད།

རླབས་ཕྲན་ཐབ་ཀ་ནི་ཏན་ཏན་རླབས་ཕྲན་གྱི་ནུས་པ་དེ་དག་གཞིར་བཟུང་ནས་གསར་བཟོ་བགྱིས་པ་འདི་ལྟ་སྟེ། ཕྱི་སྐོགས་ནི་བཙའ་མི་ཆགས་པའི་ངར་ལྕགས་ལ་སོགས་པའི་ལྕགས་རིགས་རྒྱུ་ཆ་སྤྱད་དེ་གསར་བཟོ་བྱས་པ་ཡིན་ལ། དེས་ཐབ་ཆས་ལས་རླབས་ཕྲན་ཕྱིར་འཆོར་བ་འགོག་ཐུབ་པས། མིའི་ལུས་ཁམས་ཀྱི་བདེ་ཐང་ལ་གནོད་པ་མི་སྐྱེལ་བ་དང་། ཟས་རིགས་འཇོག་སྤྱད་ཀྱི་སྣོད་ནི་གློག་རྒྱུན་ཆོད་པའི་རྒྱུ་ཆ་སྤྱད་དེ་བཟོས་པ་ཡིན་སྟབས། རླབས་ཕྲན་གྱིས་ཟས་རིགས་གཡོས་སྦྱོར་བྱེད་པར“གློག་ལྗང་ཁུ”རིང་བཀར་བྱས་ཡོད། རླབས་ཕྲན་ཐབ་ཀའི་སྙིང་ཁམས་ནི་མིང་དུ་སྡུད་ཀྱི་ཚོད་སྦུག་ཟེར་བའི་གློག་རྡུལ་གྱི་སྦུ་གུ་དེ་ཡིན་ལ། དེ་ལས་ཆུ་ཚོད་སྐར་ཆ་རེའི་ནང་གཡོ་འགུལ་གཏོང་ཚད་ཐེངས་དུང་ཕྱུར24.5རེའི་རླབས་ཕྲན་ཐོན་པ་རེད། མིའི་མིག་གིས་མི་མཐོང་བའི་རླབས་ཕྲན་དེ་རིགས་ཀྱིས་ཟས་རིགས་ཀྱི་ཁོག་ཏུ་ལི་སྨི5ཡོད་པའི་མཚམས་སུ་བརྟོལ་ཐུབ་པ་ལས་གཞན། ཟས་རིགས་ཁྲོད་ཀྱི་ཆུའི་འདུས་རྡུལ་ཡང་དེ་དང་ལྷན་དུ་ཆུ་ཚོད་སྐར་ཆ་རེའི་ནང་གཡོ་འགུལ་ཐེངས་དུང་ཕྱུར24.5རེ་བྱེད་ཀྱིན་ཡོད་ཅིང་། དེ་ལས་ཚ་ནུས་མོད་པོ་ཐོན་ནས་ཟས་རིགས“བཙོས”ཏེ་ཚོས་སུ་བཅུག་པ་རེད།

སྤྱིར་བཏང་གི་ཐབ་ཆས་ཀྱིས་ཟས་རིགས་འཚོད་སྐབས། ཚ་ནུས་ནི་དུས་ནམ་ཡང་ཟས་རིགས་ཀྱི་ཕྱི་ནས་རིམ་པ་བཞིན་དུ་ཟས་རིགས་ཀྱི་ཁོག་ཏུ་ཕྱིན་པ་ཡིན། རླབས་ཐབ་ཀྱིས་ཟས་རིགས་ཚོས་སུ་འཇུག་ཚེ་ཚ་ནུས་ཐད་ཀར་ཟས་རིགས་ཀྱི་ཁོག་ཏུ་ཕྱིན་པ་ཡིན་སྟབས། གཡོས་སྦྱོར་གྱི་མགྱོགས་ཚད་ཐབ་ཆས་དཀྱུས་མ་ལས་ལྡབ4—10ཡིས་མགྱོགས་ཤིང་། ཚ་བའི་ལས་ཕྱོད80%ཡན་དུ་སླེབས་པ་རེད།

གཞན་ཡང་། ཟས་རིགས་འཚོད་ཡུན་རིང་དྲགས་ན། ཟས་རིགས་ཁྲོད་ཀྱི་འཚོ་རྒྱུ་ལ་གནོད་པ་ཐེབས་སྲིད། ཡིན་ཡང་རླབས་ཕྲན་ཐབ་ཀས་ཟས་རིགས་ཚོས་སུ་འཇུག་པའི་དུས་ཡུན་ཤིན་ཏུ་ཐུང་བའི་དབང་གིས། དེས་ཚོས་སུ་བཅུག་པའི་ཟས་རིགས་ཀྱིས་ཟས་རིགས་ཀྱི་ཁོག་གི་འཚོ་རྒྱུ་དང་རང་བྱུང་གི་བྲོ་བ་མི་འཆོར་བ་བྱེད་ཐུབ། དཔེར་ན་རླབས་ཕྲན་ཐབ་ཀས་སྲན་མ་ནག་རིལ་འཚོད་སྐབས་དེའི་འཚོ་རྒྱུcཕལ་ཆེར་འཕྲོ་བརླག་མི་བྱེད་པ་ཡིན། རླབས་ཕྲན་གྱིས་ད་རུང་དུག་དང་ནད་སྲིན་སེལ་ཐུབ་པ་དེ་ཡང་རླབས་ཕྲན་ཐབ་ཆས་གཞན་པ་ལས་དགེ་མཚན་དང་ལྡན་པ་ཞིག་ཡིན།

རླབས་ཕྲན་ཐབ་ཀས་ཟས་རིགས་གཡོས་སྦྱོར་བྱས་ན་མགྱོགས་ཤིང་སྟབས་བདེ་ཡིན་ལ། གཡོས་སྦྱོར་བྱས་པའི་ཟས་རིགས་ཀྱི་བྲོ་བའང་ཐབ་ཆས་གཞན་དག་གིས་གཡོས་སྦྱོར་བྱས་པའི་ཟས་རིགས་ལས་མི་ཞན་པར་མ་ཟད། ལ་ལར་ད་རུང་དེ་ལས་ལྷག་པའི་ཁྱད་ཆོས་ལྡན་པ་རེད། ཡིན་ནའང་རླབས་ཕྲན་ཐབ་ཀ་བཀོལ་སྤྱོད་བྱེད་ཚེ་སྟོང་བར་བཞག་ནས་གློག་སྒོ་མི་ཕྱེ་བར་ཡིད་འཇོག་བྱེད་དགོས། རྒྱུ་མཚན་ནི་སྟོང་བར་གློག་སྒོ་ཕྱེ་ན་ནུས་ཚད་མི་ལེན་པས། དེ་ལྟར་བྱས་ན་སྡུད་ཀྱི་ཚོད་སྦུག་ལ་ཆག་སྐྱོན་བཟོ་སླ་བས་རེད། གཞན་ཡང་། འགྲོ་བ་མིའི་ལུས་ཁམས་ཕུང་གྲུབ་ནི་བརླན་གཤེར་ཧ་ཅང་ཆེ་བ་ཞིག་ཡིན་པའི་རྐྱེན་གྱིས། འུ་ཅག་གིས་རླབས་ཕྲན་ཐབ་ཀ་བཀོལ་སྤྱོད་བྱེད་ཚེ་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱེད་དགོས་ཏེ། ངེས་པར་དུ་གློག་སྒོ་གཏན་ནས་སྡུད་ཀྱི་ཚོད་སྦུག་གིས་ལས་ཀ་མཚམས་བཞག་རྗེས། ད་གཟོད་གློག་ཐབ་ཀྱི་ཁ་ཕྱེ་ནས་ཟས་རིགས་ཕྱིར་ལེན་དགོས།

དེང་གི་དུས་སྐབས་འདིར། རླབས་ཕྲན་ཐབ་ཀ་ནི་ཐབ་ཚང་ནང་མེད་དུ་མི་རུང་བའི་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་ནང་གི་གཅིག་ཏུ་གྱུར་འདུག །