བདར་གཟུགས་སྦུ་གུ། གློག་རྡུལ་ཕྲ་རབ་གསར་བརྗེའི་སྔོན་བརྡ།
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དུས་རབས20པའི་ལོ་རབས50པའི་དུས་མགོར། 《ཉིག་ཡོག་དུས་ཐོག་ཚགས་པར》གྱིས་བདར་གཟུགས་སྦུ་གུ་ལ་དཔྱད་གཏམ་བརྗོད་པ་ནི་འདི་ལྟ་སྟེ། “དངོས་པོ་དེ་རྣ་རོགས་སུ་སྤྱོད་ན་མ་གཏོགས་སྤྱོད་སྒོ་གཞན་ཕལ་ཆེར་མེད་པ་འདྲ།”དུས་ད་ལྟ་གློག་རྡུལ་དང་འདུས་གྲུབ་གློག་ལམ། རྩིས་འཁོར། རང་བྱེད་བཏང་འཛིན་ལ་སོགས་པའི་ཐོན་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཧ་ཅང་ཆེན་པོ་བསྐྱེད་པའི་ཁྲོད་ནས། བདར་གཟུགས་སྦུ་གུས་འགྲོ་བ་མིའི་ཤེས་རིག་ལ་སྐུལ་འདེད་ཀྱི་ནུས་པ་ཅི་འདྲའི་ཆེན་པོ་ཐོན་པར་སེམས་གཏིང་ནས་མྱོང་ཚོར་ལོན་ཐུབ།

པེ་ཨར་དངོས་བརྟག་ཁང་གིས1947ལོར་སྒྲིག་སྦྱོར་བྱས་པའི་ངེས་པ་དོན་གྱི་བདར་གཟུགས་སྦུ་གུ་ཨང་དང་པོ།
གལ་སྲིད་ཆུ་ཚོད་མི་ལོ60ལྷག་ཕྱིར་ལྡོག་ཐུབ་པ་དང་། བདར་གཟུགས་སྦུ་གུ(晶体管)ད་རུང་གསར་གཏོད་བགྱིས་མེད་པའི་དབང་དུ་བཏང་ན། དུས་དེ་རིང་གི་སྐྱེ་བོ་རྣམས་ཀྱིས་ཕལ་ཆེར་ད་རུང་གློག་རྡུལ་སྦུ་གུའི་སྒྲ་སྡུད་འཕྲུལ་འཁོར་བཀོལ་སྤྱོད་བྱེད་ཀྱིན་ཡོད་ན་ཐང་། སྒྲ་སྡུད་འཕྲུལ་འཁོར་དེ་རིགས་ལ་ཡོངས་ཁྱབ་ཏུ་གློག་རྡུལ་སྦུ་གུ་ལྔ་ནས་དྲུག་ཙམ་སྤྲད་ཡོད་ཅིང་། སྒྲ་གཏོང་བའི་རྩོལ་ཚད་ནི་ཝ་གྲངས་གཅིག་ཡས་མས་ཙམ་ཡིན་ཡང་གློག་ཟད་ཚད་ནི་ཝ་གྲངས་བཞི་བཅུ་ནས་ལྔ་བཅུ་ཙམ་ཡིན་པའི་ཁར་བྱེད་ལས་ཧ་ཅང་ཉུང་། གློག་སྒོ་ཕྱེ་རྗེས་ཆུ་ཚོད་སྐར་མ་གཅིག་ལྷག་གི་རིང་ལ་བསྒུགས་ན་ད་གཟོད་སྒྲ་དལ་བའི་ངང་ནས་གྲགས་པ་ཡིན། ཕྱིས་སུ་འཁྱེར་བདེའི་གློག་ཕྱེད་འདྲེན་གཟུགས་ཀྱི་སྒྲ་སྡུད་འཕྲུལ་འཁོར་དེ་ན་གཞོན་ལོ་ཆུང་ཚོས་དུས་རྟག་ཏུ་འཁྱེར་བའི་དངོས་པོར་གྱུར་ཅིང་། ཚང་མས་དེང་རབས་ཀྱི་ཚན་རྩལ་ཐོན་རྫས་དེ་དག་བཀོལ་སྤྱོད་བྱེད་པའི་དུས་སུ། གསར་གཏོད་མཁན་པོ་རྣམས་ལ་གུས་སེམས་སྐྱེས་འོས་པ་ཞིག་ཡིན།
བདར་གཟུགས་སྦུ་གུ་གསར་གཏོད་ཀྱི་ལས་ཀ་ནི་ཨ་རིའི་ཡུལ་ཞིན་ཙེ་ཞིའི་མོ་ལི་རི་བོ་ནས་མགོ་ཚུགས། ས་དེ་གར་ཚན་རིག་པ་ཚོས་གློག་རྡུལ་སྦུ་གུའི་ཚབ་བྱེད་དངོས་རྫས་ཤིག་འཚོལ་བཞིན་ཡོད། གློག་རྡུལ་སྦུ་གུས་རོལ་མོའི་སྒྲ་དང་མིའི་སྐད་སྒྲ་ཇེ་ཆེར་གཏོང་ཐུབ་པ་དང་འབྲེལ། རྒྱང་རིང་ནས་ཁ་པར་རྒྱག་པ་དེ་དུས་རབས20པའི་དུས་སྟོད་དུ་མངོན་འགྱུར་བ་བྱས་མོད་ཀྱི། འོན་ཏེ་དེས་རྩོལ་ནུས་ཟད་ཚད་ཆེ་ཞིང་ཚ་ནུས་ཐོན་ཚད་མང་དྲགས་པའི་ཁར་ཤིན་ཏུ་བསྲེག་སླ་བ་རེད།
1947ལོའི་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཏུ། དགུང་ལོ37ཡིན་པའི་ཨ་རིའི་སྲ་རྣམ་དངོས་ཁམས་རིག་པའི་གཞུང་ལུགས་པ་ཞའོ་ཁི་ལའེ་ཡིས་པེ་ཨར་དངོས་བརྟག་ཁང་གི་ལས་གྲོགས་གདན་དྲངས་ནས་ཁོང་དང་ཁོང་གི་མཉམ་ལས་པ——དངོས་བརྟག་དངོས་ཁམས་རིག་པ་བ་པཱ་ཏིང་དང་གཞུང་ལུགས་དངོས་ཁམས་རིག་པ་བ་པུའུ་ལ་ཏུན་བཅས་ཀྱིས་ཉེ་ཆར་བླངས་པའི“གྲུབ་འབྲས་འགའ་ཤས”ཏེ། མིང་ལ“བདར་གཟུགས་སྦུ་གུ”ཟེར་བའི་ལྷུ་ལག་ཆུང་ཆུང་དེའི་ནང་དུ་གློག་རྒྱུན་རྒྱུག་པ་སྟོན་པར་ལྟ་ཞིབ་བྱེད་དུ་བཅུག དེ་ཡང་དེང་རབས་ཀྱི་ཚད་གཞི་ལྟར་དེར་ཞིབ་བསྡུར་བྱས་ན་ལྷུ་ལག་ཆུང་ཆུང་དེ་ནི་གཉུག་མ་དང་ལྗིད་རྫོབ་ཆེ་བ་ཞིག་ཡིན་ནའང་། སྐབས་ཐོག་དེར་དེ་ནི་འཛམ་གླིང་ཡོངས་ཧ་ལས་སུ་འཇུག་པའི་ཐོད་བརྒལ་ཞིག་ཡིན། རྒྱུ་མཚན་ནི་སྟོང་སང་སྦུ་གུ——ཆེས་ཐོག་མའི་གློག་རྡུལ་མང་འཕེལ་འཕྲུལ་ཆས་ཀྱིས་སྐུད་མེད་གློག་དང་ཁ་པར། བརྙན་འཕྲིན་ལ་སོགས་པ་ཡར་རྒྱས་གོང་འཕེལ་དུ་འགྲོ་ཚད་ཇེ་མགྱོགས་སུ་བཏང་བ་ཡིན་མོད། འོན་ཀྱང་སྟོང་སང་སྦུ་གུ(真空管)དེ་རིགས་ནི་བོངས་ཆེ་ཞིང་ནུས་པ་ཟད་གྲོན་ཆེ་སྟབས། སྣ་མང་འཚང་འཛིངས་ཀྱི་གློག་རྡུལ་འཕྲུལ་ཆས་ཡར་རྒྱས་གོང་འཕེལ་གཏོང་བའི་རྐང་པ་ཕྱི་འཐེན་བྱས་འདུག དེའི་རྐྱེན་གྱིས་གློག་རྡུལ་འཕྲུལ་ཆས་དགེ་རྒན་ཚོས་བློ་གཏད་ཆོག་ཅིང་དབྱིབས་ཆུང་ལ་རིན་གོང་ཡང་བདེ་བའི་ཚབ་བྱེད་སྒྲིག་ཆས་ཤིག་འབྱུང་བར་སྔ་མོ་ནས་རེ་སྒུག་བྱས་ཡོད།
སྟོང་སང་སྦུ་གུ་དང་གཅིག་འདྲ་ཡིན་ས་ནི། བདར་གཟུགས་སྦུ་གུས་ཤུགས་ཞན་པའི་གློག་རྡུལ་གྱི་བརྡ་རྟགས་ཇེ་ཆེར་གཏོང་ཐུབ་པ་དེ་ཡིན། མི་འདྲ་ས་ནི་དེའི་རིན་གོང་བདེ་ཞིང་སྤྱོད་ཡུན་རིང་བ། ནུས་པ་ཟད་གྲོན་ཆུང་བ་བཅས་ཀྱི་ཁར། ཕལ་ཆེར་ཆུང་ཆུང་ཚད་མེད་པ་ཞིག་བཟོ་ཐུབ་པ་རེད། 1999ལོའི་ཟླ9པར། ཧྥ་རན་སིའི་རྡུལ་ཕྲན་ནུས་པ་ཨུ་ཡོན་ལྷན་ཁང་གི་ཚན་རིག་པས་དེང་སང་འཛམ་གླིང་སྟེང་ཆེས་ཆུང་བའི་བདར་གཟུགས་སྦུ་གུ——སྒོར་མོའི་ཚངས་ཐིག་ལ་ན་སྨི20ཙམ(ན་སྨི1ནི་སྨི1གི་དུང་ཕྱུར10ཆའི་གཅིག་ཙམ་ཡིན།)ལས་མེད་པ་ཞིབ་འཇུག་གསར་བཟོ་བྱས་ཡོད། དེ་ཡང་དེའི་ཆེ་ཆུང་ལ་ལི་སྨི1ཙམ་གྱི་འདྲ་པར་ཞིག་ལེན་ཆེད། ཚན་རིག་པ་ཚོས་གློག་རྡུལ་ཕྲ་མཐོང་མེ་ལོང་གིས་དེ་ལྡབ་འབུམ5ཇེ་ཆེར་གཏོང་དགོས་པ་རེད། དེ་ཡང་ན་སྨི20ཙམ་གྱི་བདར་གཟུགས་སྦུ་གུ་ཞིག་འདུས་གྲུབ་གློག་ལམ་ཞིག་གི་ནང་དུ་བཞག་ན། སྐྲ་ཉག་མ་གཅིག་རྐང་གྲུག་ར་བའི་དབུས་སུ་བཞག་པ་དང་ཨ་ན་མ་ན་ཡིན།
ལས་ཀའི་ཁྲོད་དུ་ཚ་ནུས་མོད་པོ་ཐོན་པའི་སྟོང་སང་སྦུ་གུ་དང་མི་འདྲ་བར། བདར་གཟུགས་སྦུ་གུས་གྲང་འཁྱགས་ཀྱི་གནས་ཚུལ་འོག་ཏུ་ལས་ཀ་བྱེད་ཐུབ། རྒྱུ་མཚན་ནི་དེར་ཕྱེད་འདྲེན་གཟུགས ——རྒྱུན་གཅོད་གཟུགས(དཔེར་ན་ཤེལ་ལྟ་བུ)དང་གློག་འདྲེན་གཟུགས་ལེགས(དཔེར་ན་ལྕགས་དང་གསེར་ལྟ་བུ)བར་གྱི་སྲ་རྣམ་འདྲེན་གཟུགས་སུ་སྤྲད་ཡོད་པས་རེད། དེ་ལས་ཤེས་ཐུབ་པ་ཞིག་ནི། བདར་གཟུགས་སྦུ་གུ་གསར་གཏོད་མཁན་པོ་གསུམ་གྱི་བསམ་དོན་ལེགས་འགྲུབ་བྱུང་བ་ནི་ཁོང་རྣམ་པས་བཀོལ་སྤྱོད་བྱེད་པའི་རྒྱུ་ཆ་གཏན་འཁེལ་བྱས་པ་འོས་འཚམ་ཡིན་པར་རག་ལས་པ་རེད།(དང་ཐོག་ལྕགས་རིགས་ཀྱི་གཞི་རྒྱུ་ཀྲེམ(锗)དང་ཕྱིས་སུ་སྭེ(硅)ཡིན་པ་རེད།)
བདར་གཟུགས་སྦུ་གུ་བུད་རྗེས། ཐོག་མར་ཁ་པར་སྒྲིག་ཆས་དང་རྣ་རོགས་ཀྱི་སྟེང་དུ་བཀོལ་སྤྱོད་བྱས། གཞུག་ནས་དེས་བསྒར་གདན་དང་གློག་རྫས་འཇོག་དགོས་སའི་དངོས་པོ་ཡོད་ཚད་ཀྱི་ཁྲོད་དུ་ནུས་པ་འདོན་སྤེལ་བྱས་དང་བྱེད་ཀྱིན་ཡོད། 1958ལོར། IBMཡིས་བདར་གཟུགས་སྦུ་གུ་འབའ་ཞིག་བཀོལ་སྤྱོད་བྱས་པའི་རྩིས་འཁོར་ཨང་དང་པོ་ཞིབ་འཇུག་གསར་བཟོ་བྱས། ཕྱིས་སུ་བདར་གཟུགས་སྦུ་གུ་དེ་གློག་རྡུལ་སྦུ་གུའི་ཚབ་ཏུ་སྤྱད་པས། རྩིས་འཁོར་གྱི་བོངས་ཇེ་ཆུང་དུ་སོང་བ་དང་སྤྱོད་ཡུན་ཇེ་རིང་དུ་སོང་བ། རིན་གོང་ཇེ་བདེར་སོང་བ་བཅས་ལ་བརྟེན་ནས། རྩིས་འཁོར་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་པའི་མཐུན་རྐྱེན་དུ་གྲུབ།
2010ལོར། ཕོར་ཐུ་ཀལ(葡萄牙)གྱི་ལི་སི་པོན་སློབ་ཆེན་གསར་པའི་ཞིབ་འཇུག་མི་སྣས་འཛམ་གླིང་ཡོངས་སུ་ཤོག་བཟོས་བདར་གཟུགས་སྦུ་གུ་ཨང་དང་པོ་ལམ་དུ་ལྷོང་བའི་ངང་ཞིབ་འཇུག་གསར་བཟོ་བྱས་པ་སྟེ། ཤོག་བུའི་ངོས་གཉིས་སུ་དམིགས་སུ་བཀར་བའི་སྒྲིག་ཆས་སྤྲད་ཡོད། དེ་འདྲའི་ཤོག་བུས་གློག་རྒྱུན་གཅོད་གཟུགས་དང་རྟིང་རིམ་ནས་འོད་ལེན་པ་གཉིས་ཀའི་གོ་ཆོད་པ་རེད། བཀོལ་སྤྱོད་བྱེད་ཁྲོད་དུ་ཞིབ་འཇུག་མི་སྣས་ཤེས་གསལ་ལྟར་ན། འདྲེས་ཁྱམས་ཕན་ནུས་ཀྱི་བདར་གཟུགས་སྦུ་གུ་དེ་རིགས་ཀྱི་གཤིས་ནུས་ཀྲེམ་སེལ་འགྱིག་སྐྱི་མིན་པའི་བདར་གཟུགས་སྦུ་གུ་དང་དབྱང་འགྱུར་དངོས་པོའི་གློག་ཕྱེད་འདྲེན་གཟུགས་དག་ལས་ལེགས་པས། ཤོག་བུའི་བརྙན་རིས་འཆར་ངོས་དང་རིག་ནུས་མིང་བྱང་། སྐྱེ་དངོས་ཀྱི་སྔོན་བསྒྲིགས་གོ་རིམ་ལ་སོགས་པའི་གློག་རྡུལ་སྒྲིག་ཆས་གསར་པའི་ཁྲོད་དུ་བཀོལ་སྤྱོད་བྱས་ཆོག་གོ།
(སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།)