ཁ་ཡ་བྱེད་མཁན་མེད་པ་ནས་ཁྱིམ་ཚང་གཅིག་གི་མི་ལྟ་བུར་གྱུར་པ།
རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྡེ་ཁུལ་གྱི་དཀྱིལ་དབུས་ཐང་ཆེན་དུ། བྱིས་པ་རྣམས་སྤྲོ་དགའི་རྩེད་འཇོར་རོལ་ཞིང་། རྒན་པ་རྣམས་ཀྱིས་ལུས་སྦྱོང་སྒྲིག་ཆས་སྟེང་དུ་ལུས་ཕུང་སྦྱོང་བརྡར་བྱེད། ཟླ11པའི་ཚེས12ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་རྨ་ཆུ་ལམ་སྡེ་ཁུལ་ལྷོ་མར་སོང་བ་ན། མིག་ལ་ཐོགས་འོང་བ་ནི་སྡེ་ཁུལ་འདིའི་དྲོད་ཁོལ་ལྡན་ལ་ཞི་མཐུན་ཡིན་པའི་སྐྱིད་སྣང་རེད།
ཞོགས་པར། སྒེའུ་སྟེགས་སུ་སིང་རས་ལྟ་བུའི་ཁ་བ་སྲབ་མོ་ཞིག་བབས་ཡོད་ཅིང་། རེ་སྨོན་ར་སྐོར་དུ་སྡོད་པའི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ཛམ་སྒྲོན་གྱིས་བྲེལ་སྟབས་ཀྱིས་སྒེའུ་ཁུང་ཕྱི་ལ་ཡང་ཡང་ལྟ་བཞིན་འདུག་སྟེ། ཉིན་དེ་ནི2026ལོའི་མཁར་གྲོང་གི་སྨན་བཅོས་འགན་སྲུང་མ་དངུལ་སྤྲོད་པའི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་པས་རེད།
སྐབས་དེར། ཁ་པར་འཆར་ངོས་ཀྱི་གློག་ཤར་བྱུང་ལ། དེ་ནི་མ་གཞིར་སྡེ་ཁུལ་གྱི་ལས་དོན་མི་སྣ་ཚེ་རིང་མས་བསྐུར་ཡོང་བའི་བརྡ་འཕྲིན་འབྱོར་བས་རེད། “ཨ་ཅེ། དེ་རིང་ནམ་ཟླ་འཁྱགས་པས། སྨན་བཅོས་འགན་སྲུང་གི་སྒོར་མོ་དེ་ཁྱོད་ཀྱིས་ཁ་པར་ལས་ང་ལ་བསྐུར་བས་ཆོག ཁྱོད་རང་ཡོང་མི་དགོས”བརྡ་འཕྲིན་འདི་ཡིས་མ་གཞིར་བྲེལ་ཤ་ཆེ་བའི་ཛམ་སྒྲོན་ལ་དབུགས་དབྱུང་ཐེངས་ཤིག་བྱིན་ཞིང་། མོས་ཀྱང་སེམས་བདེ་མོས་སྒོར་མོ་དེ་ཚེ་རིང་མར་བསྐུར་བ་དང་འབྲེལ་ནས་བཀའ་དྲིན་ཡང་ཞུས།
བསྒྲུབ་བྱའི་དོན་ནི་དོན་ཆུང་གི་རིགས་ཡིན་ཡང་། དེ་ནི་དམངས་སེམས་དང་དམངས་འཚོར་འབྲེལ་ནས་ཡོད། རྨ་ཆུ་ལམ་སྡེ་ཁུལ་ལྷོ་མ་རུ། འདི་ལྟ་བུའི་དྲོད་སྐྱིད་ཀྱི་གཏམ་རྒྱུད་ནི་ཉིན་རེ་བཞིན་དུ་རྒྱུན་པར་འབྱུང་བཞིན་ཡོད་ལ། དེ་ལས་མཐོང་བ་ནི་གཞི་རིམ་ཞབས་ཞུའི་དྲོད་ཁོལ་དང་སྟོབས་ཤུགས་རེད།
རྨ་ཆུ་ལམ་སྡེ་ཁུལ་ལྷོ་མ་ནི་ཁྱིམ་ཚང3379དང་མི་གྲངས9283ཡོད་པའི་སྡེ་ཁུལ་ཆེན་པོ་ཞིག་ཡིན་ལ། མངའ་ཁུལ་གྱི་སྡོད་དམངས་ནི་ཕལ་ཆེ་བ་མཁར་གྲོང་སྡོད་དམངས་རེད། སྡེ་ཁུལ་གྱི་ལས་དོན་མི་སྣ9ཡིས་སྤྱི་ལེ་གྲུ་བཞི་མ6.8ཅན་གྱི་སྡོད་དམངས་ར་སྐོར11ལ་ཞབས་འདེགས་ཞུ་བཞིན་ཡོད་དེ། མངའ་ཁུལ་གྱི་སྡོད་དམངས་ཁྱིམ་ཚང་ཡོངས་སུ་ཞབས་འདེགས་ལེགས་པོར་ཞུ་བའི་གཞི་རྩ་ནི་མདོར་དེད་ན་ལྗིད་ཏིག་ཏིག་གི་དམངས་འཚོའི་འགན་འཁྲི་དང་འབྲེལ་ནས་ཡོད།

ཞབས་ཞུ་ཞིབ་ཚགས་ལྡན་པས་མང་ཚོགས་ཀྱི་དོན་དག་རེ་རེ་བཞིན་ཐག་གིས་བཅད་པ།
“སྔོན་ཆད། སྡོད་དམངས་མང་པོ་ཞིག་གིས་སྡེ་ཁུལ་ཟེར་བ་ནི་ཅི་ཡིན་པ་ཧ་གོ་ཡི་མེད།”སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་འཚོ་ཡིས་ཕྱིར་དྲན་བྱེད་ཞོར་དུ།“‘ཁ་ཡ་བྱེད་མཁན་མེད་པ’དང་། བྱེད་སྒོ་སྤེལ་ཡང་ཟབ་ཞུགས་བྱེད་མཁན་མེད། གནད་དོན་འདྲི་རྟོག་ནི་མཚོ་ལ་ལྷུང་བའི་ཁ་བ་འདྲ། …… དེ་དུས། ངེད་ཅག་གི་སེམས་སུའང་མི་ཤུགས་མང་པོ་མེད་ཀྱང་ཞབས་ཞུ་ཡལ་བར་འདོར་མི་རུང་བར་སྙམ”ཟེར།
པདྨ་འཚོས་བཤད་པ་བཞིན།“ངེས་པར་སྲོལ་རྒྱུན་གྱི‘རྒྱུག་འདུར་ལ་ཆད་པ་མེད་པའི’བྱེད་ཐབས་དེ་བསྒྱུར་ནས། གསར་གཏོད་ལ་ཕྱོགས་ཤིང་ལས་ཕྱོད་བརྩོན་ལེན་བྱེད་དགོས”པས། སྡོད་དམངས་ལ་ཞབས་འདེགས་ལེགས་པོ་ཞུ་བ་དང་། ཏང་ཡོན་དང་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་བཟང་པོ་བྱེད་པ། མངའ་ཁུལ་སྡོད་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་གཏོང་བ་དམིགས་འབེན་ཡིན་པའི་སྡེ་ཁུལ་གྱི་གསར་སྐྲུན་ཞབས་ཞུ་བྱེད་ཐབས་དེ་རྨ་ཆུ་ལམ་སྡོད་ཁུལ་ལྷོ་མ་རུ་ངང་གིས་བསྟར་མགོ་བརྩམས།
བཅོས་བསྒྱུར་དེ་མཉམ་ཤུགས་གཅིག་ཏུ་སྡུད་པ་ནས་མགོ་བརྩམས་བྱུང་། སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་མགོ་ལོག་ཁུལ་གྱི“སྤྱི་འདོམས་གཅིག་དང་སྐུལ་སྤེལ་བཞི”ཡི་སྤྱིའི་རིགས་ལམ་དེ་ཁྲིད་སྟོན་དུ་བྱེད་པ་དང་། “འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་སྒྲིག་སྲོལ་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། མངའ་ཁུལ་གྱི་ལས་ཁུངས་དང་གཞིས་ལས་ཀུང་སི། “གསར་བསྒྱུར་གཉིས”ཀྱི་མི་ཚོགས་དང་སྡོད་དམངས་དཀྱུས་མ་ཡོངས་སུ་གཅིག་ཏུ་འབྲེལ་ཐབས་བྱས།
སྡེ་ཁུལ་གྱི་ལས་དོན་ནི་སྡེ་ཁུལ་གྱི“ཁེར་བྲོ”ཙམ་མ་ཡིན་པར། དེ་ནི་ཕྱོགས་མང་པོ་ཟབ་ཞུགས་བྱས་པའི“མཉམ་ལེན་ཆེན་པོ”ཞིག་ཏུ་གྱུར་ཞིང་། མཉམ་ལེན་འདིའི་ཁྲོད་དུ་སྡེ་ཁུལ་གྱི་ལས་དོན་མི་སྣས་ཤིན་ཏུ་གལ་ཆེ་བའི“སྣེ་འདྲེན”གྱི་ནུས་པ་བཏོན་ཡོད།
ལོ11རིང་གི་སྡེ་ཁུལ་ལས་དོན་གྱི་ཉམས་མྱོང་ཡོད་པའི་ལས་དོན་མི་སྣ་ཀྲུང་ཧྥེང་མེང་ནི་རང་གི་ཁག་བགོས་དུམ་ཁུལ་གྱི་གནས་ཚུལ་ལ་ཤིན་ཏུ་རྒྱུས་མངའ་ཟབ་ཅིང་། པདྨ་ལམ་ནས་བརྒྱད་གཅིག་ལམ་བར་དུ། གཞིས་ཁུལ་ཅི་ཙམ་ཡོད་པ་དང་ཚོང་ཁང་ཅི་ཙམ་ཡོད་པ། སྡོད་དམངས་ཅི་ཙམ་ཡོད་པ་ཚང་མ་མོའི་སེམས་སུ་ཁྲིག་ཁྲིག་རེད།“འདི་ནི་ཆེས་གཞི་རྩའི་བྱ་བ་རེད། གནས་ཚུལ་གསལ་ཐག་ཆོད་ན། ད་གཟོད་ཞབས་འདེགས་གནད་ལ་ཁེལ་བར་ཞུ་ཐུབ”ཟེར།
ཀྲུང་ཧྥེང་མེང་གི་བྱ་བའི་ཉིན་ཐོའི་ཁྲོད་དུ། སྡེ་ཁུལ་གྱི་འཚོ་བའི་གནས་ཚུལ་གྱིས་བཀང་ཡོད་དེ། ཤོག་སྒམ་འཐུ་བའི་པེན་ཅིན་ལན་ལ་ཤོག་སྒམ་སྟོང་བ་འཚོལ་རོགས་བྱས་ནས་ཁྱིམ་གྱི་ཡོང་སྒོ་འཚོལ་རོགས་བྱས་པ་དང་། ཁེར་སྐྱོང་ཨ་མ་ཀའོ་ཝུན་ཕིང་ལ་ལས་ཞུགས་གསོ་སྦྱོང་གོ་སྐབས་བཙལ་ཏེ་མོར་ཧྲང་ཧའེ་རུ་ལག་ཤེས་སྦྱོང་དུ་འགྲོ་རུ་བཅུག་ནས་འཚོ་བར་རེ་བ་བསྩལ་བ། གཞིས་ལས་དང་མཉམ་འབྲེལ་བྱས་ཏེ་དུས་ཐོག་ཏུ་སྡོད་དམངས་ལ་བར་ཁྱམས་ཀྱི་གློག་སྒྲོན་བརྗེ་རོགས་དང་ར་སྐོར་རྙིང་པའི་བཙོག་ཆུ་སེལ་རོགས། དྲོད་རླངས་མི་དྲོས་པ་ཞིག་གསོ་བྱེད་རོགས་སོགས་བྱས། “ཉིན་གཅིག་ལ་དོན་དག་སྣ་ཁ་ལྔ་དྲུག་རེ་སྒྲུབ་པ་ནི་རྒྱུན་ལྡན་རེད། སྡོད་དམངས་ཀྱི་དོན་ཕྲན་ཚེགས་ནི་ངེད་ཅག་གི་དོན་ཆེན་པོ་རུ་བརྩིས་ཏེ་བསྒྲུབ་དགོས།”མོས་བབ་ཆགས་པའི་སྐད་ཆས་སྡེ་ཁུལ་གྱི་བྱ་བའི་དོན་སྙིང་རྗེན་པར་བརྗོད་བྱུང་།
སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཇི་ལྟར་གནད་ཁེལ་ཞབས་ཞུ་ཁྱིམ་དུ་སྐྱེལ་དགོས་སམ། སྡེ་ཁུལ་གྱིས“གསལ་སྟོན་ལྔ”སྟེ།
ཐོབ་ཐང་གསལ་སྟོན་དང་། འགན་འཁྲི་གསལ་འཁུར། ཁ་དན་གསལ་བཟོ། ཞབས་འདེགས་གསལ་ཞུ། དཔྱད་འཇོག་གསལ་བྱེད་བཅས་ཀྱི་བྱེད་ཐབས་བཏོན་ནས། སུ་ཡིས་ཞབས་འདེགས་ཞུ་བ་དང་། ཅི་ཞིག་སྒྲུབ་པ། ཅི་ལྟར་སྒྲུབ་པ་ཁ་གསལ་བཟོས་ཤིང་། “ཁྱོད་ཡོང་བར་སྒུག་པ”དེ“ང་ཚུར་ལ་ཡོང་བ”རུ་བསྒྱུར།
ཛམ་སྒྲོན་གྱིས་ཁྱིམ་གྱི་སྣོད་ཅ་ལག་གྲལ་དག་པར་བསྒྲིགས་ཡོད་ལ། དྲ་མའི་ཤེལ་སྒོ་ཡང་གཙང་མར་ཕྱིས་འདུག སྡེ་ཁུལ་གྱི་ལས་དོན་མི་སྣ་རྒྱུན་པར་མོར་སྐོར་རྒྱག་ཏུ་ཡོང་བཞིན་ཡོད་པར་མ་ཟད། ཕྱེ་དང་། འབྲས། སྣུམ་སོགས་འཚོ་བའི་མཁོ་ཆས་སྐྱེལ་ཡོང་ཞིང་། མོ་དང་མཉམ་དུ་བསྡད་ནས་ཁ་བརྡའང་བྱེད་ཀྱིན་ཡོད།

དྲོ་སྐྱིད་ལྡན་པའི་ཞབས་ཞུས་ཁོངས་གཏོགས་ཁུལ་གྱི་སྡོད་དམངས་སྔར་བས་ཡིད་ཚིམ་པར་བྱས།
ཛམ་སྒྲོན་ལ་ཉམས་སྣང་མི་འདྲ་བ་ཞིག་སྦྱིན་ཡོད་པ་དེ་ནི། མོ་རང“རོགས་སྐྱོར་བྱེད་ཡུལ”རྐྱང་རྐྱང་ཙམ་མ་ཡིན་པར། སྡེ་ཁུལ“མཉམ་སྐྲུན་པ”སྟེ། མོ་རང་ཟླ་རེ་རེར་ཁོར་ཡུག་གཙང་སྦྲ་སོགས་རང་གིས་ནུས་ཚོད་ཀྱི་བྱ་བར་ཞུགས་ཏེ། སྡེ་ཁུལ་དུ་གསོག་སྐར600ལྷག་བསགས་འདུག་པ་དེ་རེད།
“ཁྱོད་ཀྱིས་ངའི་མཐོ་གནོན་བ་མ་འདིར་ལྟོས་དང་། འདི་སྡེ་ཁུལ་གྱི‘བསགས་སྐར་སྒོར་རྩིས་ཚོང་ཁང’ནས་སྐར་མ་སྤྱད་དེ་བརྗེས་པ་ཡིན”ཞེས་མོ་དགོད་བཞིན་དུ་གསར་འགོད་པར་བསྟན་པ་དང་།“འདག་ཕྱེ་དང་འཚོ་བའི་མཁོ་ཆས་སོགས་ཅི་མཁོ་ན་དེར་བརྗེས་པ་ཡིན།”ཁ་བརྡ་ལས་ཚོར་ཡོང་བ་ནི་སྤྲོ་དགའ་ཁོ་ན་ཙམ་མ་ཡིན་པར། དེ་ནི“ངས་ཚང་མའི་ཆེད་དུ་དོན་དག་ཅིག་བསྒྲུབ་ཐུབ་པ”ཡི་བློ་བག་བདེ་མོ་ཞིག་དང་དཔའ་གདེང་རེད།
“སེ་འབྲུའི་ཚི་གུ”ལས་སྒྲུབ་ཁང་བཙུགས་ཏེ་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་དང་བླངས་པ20ལྷག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མི་རིགས་མཐུན་སྒྲིལ་དེ་བྱེ་བྲག་གི་འགུལ་སྐྱོད་དུ་བསྒྱུར། ཁོ་ཚོས་བཏོན་པའི《སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུ་གསལ་ཐོ》རུ་རིགས9དང་སྣ39ལ་ཞིབ་ཏུ་ཕྱེ་སྟེ། དམངས་སྲིད་དང་སྤྱི་ཚོགས་འགན་སྲུང་། མི་སྡོད་ཁོར་ཡུག་སོགས་འགན་འཁུར་སྣ་ཚོགས་ལ་དབྱེ་མཚམས་གསལ་པོ་བཀར་ཏེ། སྡོད་དམངས་ཀྱི་དོན་དག་རེ་རེར་ཐག་གཅོད་ཡོད་ཅིང་། གཞན་ད་དུང་སྡེ་ཁུལ་གྱི“མདོག་ལྔའི་ཉི་འོད”དང་བླངས་ཞབས་ཞུ་རུ་ཁག་ནི་ཁོ་ཚོའི་མིང་ཡིག་བཞིན་དུ་བརྩེ་བའི་དྲོད་ཁོལ་གང་སར་སྐྱེལ་བཞིན་ཡོད།
“ཁ་ཕྱོགས་མེད་པ”ནས“ཞབས་ཞུ་སྒོ་ཁར་སྐྱེལ་བ”དང་། “ཟུར་ལྟ་མཁན”ནས“ཁྱིམ་མིར་བརྩི་བ།”ནང་རྐྱེན་གསར་སྐྲུན་རེ་རེ་ནས་དམངས་འཚོའི་དོན་དངོས་རེ་རེ་དངོས་འབེབས་བྱེད་པའི་བར། རྨ་ཆུ་ལམ་ལྷོ་མའི་སྡེ་ཁུལ་གྱི་འཚོལ་ཞིབ་དང་ལག་ལེན་མུ་མཐུད་དུ་རྒྱུན་སྐྱོང་བཞིན་ཡོད།
ད་ལྟ་རྨ་ཆུ་ལམ་ལྷོ་མ་སྡེ་ཁུལ་དུ། “མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད”ཀྱི་ཆགས་སྟངས་གསར་པ་ཞིག་གྲུབ་བཞིན་ཡོད། སྡེ་ཁུལ་ཞབས་ཞུའི་བྱ་བ་ནི་ཤོག་བུའི་སྟེང་གི་རྒྱུ་ཆ་དང་གཞི་གྲངས་རྐྱང་རྐྱང་ཞིག་མ་ཡིན་པར། སྡོད་དམངས་ཀྱི་མིག་མདུན་དུ་ཤར་མར་བསྐྱོད་ཐུབ་པའི་བགྲོད་ལམ་ལྟ་བུ་དང་ཁྱིམ་མཚེས་བར་གྱི་འཆམ་མཐུན་གྱི་འཛུམ་མདངས། གཞན་ད་དུང་ཚང་མས་མཛེས་སྡུག་གི་ཁྱིམ་གཞིས་མཉམ་དུ་སྐྱོང་བའི་ཞུགས་སྣང་དང་ཐོབ་སྣང་དུ་བསྒྱུར་ཡོད།
སྡེ་ཁུལ་དེ། དོན་ངོ་མར་སྡོད་དམངས་ཀྱི་སེམས་ཁོང་གི་བློ་བག་བདེ་བའི་ཁྱིམ་གཞིས་དྲོན་མོར་གྱུར་ཡོད། །