བརྡ་འཕྲིན་སྨྲ་བ། བརྡ་འཕྲིན་ཁྱབ་སྤེལ་དེ་ལྷག་པར་ཡིད་རྟོན་དུ་རུང་བ་གྱིས་ཤིག
རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞང་ནོན་ལ་རྗེས་དྲན་ཞུ་ན་ཁོང་གི་མཛད་རྗེས་ཆེན་པོ་གཉིས་ལ་ངེས་པར་དུ་རྒྱུས་ཆེན་པོ་ཡོད་དགོས་པ་སྟེ། དང་པོ་ནི་བརྡ་འཕྲིན་སྐོར་གྱི་གཞུང་ལུགས་དང་། བརྡ་འཕྲིན་ཚད་ཀྱི་དོན་སྤྱི་ཡིན། ཅིག་ཤོས་ནི་བརྡ་རྟགས་གཏན་ཚིགས་དང་གློག་སྒོ་གཏན་འབྱེད་སྐོར་གྱི་གཞུང་ལུགས་ཡིན། གཞན་ཡང་ཡ་མཚན་ཤེས་འདོད་ཆེ་བ་དང་ལག་ལེན་གཙིགས་སུ་འཛིན་པ། དུས་ནམ་ཡིན་ཡང་བློ་ཡིད་མི་ཚིམས་པ་བཅས་ཀྱི་ཁོང་གི་སྙིང་སྟོབས་ལ་དེ་བས་ཀྱང་སློབ་སྦྱོང་བྱེད་དགོས་ཤིང་། དེ་ནི་ཁོང་གི་བསམ་དོན་ལྷུན་གྱིས་གྲུབ་པའི་ཉམས་མྱོང་གལ་ཆེན་རེད།

ཁི་ལའོ་ཏི·ཞང་ནོན(1916—2001)ཁོའི་མི་ཚེ་གང་བོའི་དུས་ཚོད་མང་ཆེ་བ་ནི་པེ་ཨར་དངོས་བརྟག་ཁང་དང་མཱ་ཧྲིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་འདའ་བ་ཡིན། ཁོང་ཉིད་ནི་བརྡ་འཕྲིན་སྨྲ་བ་དང་ཨང་འཕྲིན་དུས་རབས་ཀྱི་གསར་གཏོད་མཛད་པོ་ཡིན།
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྣེ་མང་རྙོག་དྲ་ཆེ་བ་ཞིག་ཡིན་ལ། འགྲོ་བ་མིའི་སྤྱི་ཚོགས་ཀྱང་དེ་དང་དེ་ལྟ་བུ་ལས་མ་འདས། འོ་ན་དེར་ཕན་ཚུན་སྦྲེལ་མཐུད་ཀྱི་ཐུན་མོང་གི་དངོས་པོ་ཞིག་ཡོད་དམ་ཞེ་ན་ཡོད་དོ།།དེང་རབས་ཀྱི་ཚན་རིག་པའི་བཞེད་དགོངས་ལྟར་ན། དངོས་པོ་དང་ནུས་ཚད། བརྡ་འཕྲིན་བཅས་ནི་འཇིག་རྟེན་གྱི་དཀྱིལ་ཀ་ཆེན་པོ་གསུམ་ལྟ་བུ་ཡིན། འགུལ་སྐྱོད་དང་ལྡན་པའི་བྱ་དངོས་ཤིག་ཡོད་ཚེ་དེར་ངེས་པར་དུ་ནུས་ཚད་དགོས་ཤིང་། དེའི་རྐྱེན་གྱིས་བརྡ་འཕྲིན་ཡང་གནས་པ་རེད། འགྲོ་བ་མིས་འཇིག་རྟེན་ལ་ངོས་འཛིན་དང་བསྒྱུར་བཀོད་བྱེད་པའི་བྱེད་སྒོ་གནས་སོ་ཅོག་ནི་བརྡ་འཕྲིན་བརྗེ་རེས་དང་བེད་སྤྱོད་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད། དེར་བརྟེན་མི་ཞིག་གིས་དེ་སྔར་གཟུགས་སུ་བཀོད་པའི་དཔེ་ཞིག་བཞག་ནས། འཕྲིན་གཏོང་ནི་སྤྱི་ཚོགས་གྲུབ་གཞི་ཕྱོགས་གཅིག་ཏུ་སྦྱོར་བྱེད་ཀྱི་ཨར་འདམ་ལྟ་བུ་ཡིན་ཟེར་མྱོང་།
དོན་དམ་དུ་ཚན་རིག་གི་དོན་སྤྱི་ཞིག་ཡིན་པའི་ངོས་ཐད་ནས། “བརྡ་འཕྲིན”ཞེས་པར་དམིགས་བསལ་གྱི་གོ་དོན་ཡོད་པ་རེད། དཔེར་ན་ང་ཚོས་གནམ་གཤིས་གནས་ཚུལ་གྱི་སྔོན་བརྡའི་ནང་གི“གནམ་ཐང་བ་ནས་སྤྲིན་མང་བ”ཟེར་བ་ཐོས་པ་ན། དེ་ནི་གནམ་གཤིས་ཀྱི་གནས་ཚུལ་ཞིབ་ཏུ་བརྗོད་པ་ཞིག་ཡིན་པ་ཤེས་ཐུབ། གྲོགས་པོ་ཞིག་གིས་ཁ་པར་ནང་ནས་ཁྱོད་ལ“ཁོ་བོ་ཧྲང་ཧའེ་ལ་འགྲོ་འདོད་ཡོད”ཟེར་ན། དེ་ནི་ཁོའི་ཀླད་པའི་ནང་གི་བསམ་གཞིགས་ཀྱི་འགུལ་སྐྱོད་ཅིག་ཡིན་པ་རེད། ཚན་རིག་གི་ཟུར་ཚད་ནས་བཤད་ན། ཡི་གེ་དང་སྐད་ཆ། བརྙན་རིས་ལ་སོགས་པའི་སྟེང་ནས་ཕྱི་རོལ་ཡུལ་གྱི་དངོས་པོའི་འགུལ་སྐྱོད་དང་རང་ཉིད་ཀྱི་བསམ་གཞིགས་འགུལ་སྐྱོད་ཀྱི་གནས་ཚུལ་ཇི་བཞིན་བརྗོད་ན་དེ་བརྡ་འཕྲིན་དུ་འགྱུར་བ་ཡིན། འཕྲིན་གཏོང་གི་ལྟ་ཚུལ་གཞིར་བཞག་གིས་བཤད་ན། བརྡ་འཕྲིན་ལ་རྟག་ཏུ་ཆ་རྐྱེན་གཉིས་འཛོམས་དགོས་པ་སྟེ། དང་པོ་ནི་འཕྲིན་གཏོང་མཁན་ཕྱོགས་གཉིས་ཀས་དེའི་ཧ་གོ་བ། གཉིས་ནི་བརྒྱུད་སྤྲོད་བྱས་ཆོག་པ་དེ་རེད།
བརྡ་འཕྲིན་བརྒྱུད་སྤྲོད་ཀྱི་མ་ལག་གང་ཞིག་ཡིན་པ་དཔེར་ན་ཁ་པར་དང་བརྙན་འཕྲིན་ལ་སོགས་པ་ཚང་མར་བརྡ་འཕྲིན་གཏོང་སྣེ(བརྡ་འཕྲིན་འབྱུང་གནས)ཞིག་དང་། བརྡ་འཕྲིན་བསྡུ་ལེན་གྱི་བསྡུ་སྣེ(འབབ་གནས)། ཕྱོགས་གཉིས་ཀ་སྦྲེལ་མཐུད་ཀྱི་ལམ་ཆེན(འཕྲིན་ལམ)། ཨང་སྒྲིག་དང་ཨང་སྒྱུར་འཕྲུལ་ཆས་བཅས་ཡོད་པ་རེད། བརྡ་འཕྲིན་དག་འཕྲིན་ལམ་ནས་སྐྱེལ་གཏོང་བྱེད་ན་ངེས་པར་དུ་འཕྲིན་ལམ་ནས་སྐྱེལ་གཏོང་བྱེད་པར་འོས་ཤིང་འཚམ་པའི་དངོས་ཁམས་ཀྱི་བརྡ་རྟགས(དཔེར་ན་གློག་གི་བརྡ་རྟགས་དང་འོད་ཀྱི་བརྡ་རྟགས། སྒྲའི་བརྡ་རྟགས་ལ་སོགས་པ)སུ་བསྒྱུར་དགོས་ཤིང་། དེའི་ནང་ནས་ཨང་སྒྲིག་གིས་བརྡ་འཕྲིན་བརྡ་རྟགས་སུ་བསྒྱུར་བ་དང་། ཨང་སྒྱུར་གྱིས་བརྡ་རྟགས་བརྡ་འཕྲིན་དུ་སོར་ཆུད་བྱེད་པ་ཡིན། དེ་ལས་བརྡ་འཕྲིན་ཨང་སྒྲིག་བྱས་ན་མ་གཏོགས་སྐྱེལ་གཏོང་བྱེད་མི་ཐུབ་པ་དང་། ཨང་སྒྱུར་བྱས་ན་མ་གཏོགས་དེ་བསྡུ་ལེན་དང་ཧ་གོ་བར་བྱེད་ཐབས་མ་མཆིས་པ་རྟོགས་ཐུབ།

བཤེར་འཚོལ་དང་བཙལ་བ། ཐོབ་པ་བཅས་ནི་དྲ་སྦྲེལ་དུས་རབས་སུ་གལ་འགངས་ཆེ་བའི་གནད་འགག་ཐུག་སའི་ཐ་སྙད་དུ་གྱུར་ཡོད།
སྤྱིར་བཏང་གི་ལྟ་ཚུལ་ལྟར་ན། 1948ལོར་ཨ་རིའི་ཚན་རིག་པ་ཞང་ནོན་གྱིས་པེ་ཨར་མ་ལག་གི་ལག་རྩལ་དུས་དེབ་སྟེང《འཕྲིན་གཏོང་གི་གྲངས་རིག་པའི་སྐོར་གྱི་གཞུང་ལུགས།》ཞེས་པའི་དཔྱད་རྩོམ་སྤེལ་བ་དེ་བརྡ་འཕྲིན་སྨྲ་བ་དངོས་སུ་བྱུང་བའི་མཚོན་རྟགས་སུ་ངོས་འཛིན་གྱིན་ཡོད། བརྡ་འཕྲིན་སྨྲ་བས་གསལ་སྟོན་བྱས་པའི་ཆོས་ཉིད་ལ་ཡོངས་ཁྱབ་ཀྱི་རང་བཞིན་ཚད་མཐོན་པོ་ལྡན་པའི་རྐྱེན་གྱིས། དེ་མགྱོགས་མྱུར་དུ་སྐྱེ་དངོས་རིག་པ་དང་ལུས་ཁམས་རིག་པ། སེམས་ཁམས་རིག་པ། སྒྲ་རིག་པ། དཔལ་འབྱོར་རིག་པ་ལ་སོགས་པར་ཁྱབ་ཚུལ་མི་འདྲ་བའི་བཀོལ་སྤྱོད་བྱས་པས། བརྡ་འཕྲིན་ཚན་རིག་བྱུང་ཞིང་ཆགས་པ་རེད། དུས་རབས20པའི་ལོ་རབས70པའི་ཚུན་དུ། བརྡ་འཕྲིན་སྨྲ་བ་དེ་ཡང་རྩིས་འཁོར་ཚན་རིག་དང་དཔལ་འབྱོར་རིག་པ། སྐྱེ་དངོས་རིག་པ་བཅས་ཀྱི་ཁྲོད་དུ་བརྡ་འཕྲིན་ཐག་གཅོད་དང་འབྲེལ་བ་དམ་པོ་ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་ཚན་ཁག་ཅིག་ཏུ་གྱུར་ཡོད། །
(སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།)