སྐྱེ་ཁམས་བཟང་པོ་ལས་ཡོང་སྒོ་འཕར།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞོགས་པའི་དཔལ་ཐང་ཆུ་བོ་སྨུག་པས་གཡོགས་ཡོད་ནའང་། དམར་ཕྱིའི་པར་ཆས་ཀྱི་བརྙན་མིག་ཏུ་སྲམ་གསུམ་དྭངས་གསལ་ཆུ་བོའི་ནང་དུ་དགའ་བའི་རྐྱལ་ལ་རོལ་བཞིན་ཡོད། སྐྱ་མདོག་གི་གྲིབ་གཟུགས་ལྗང་མདོག་གི་ཆུ་རླབས་ཁྲོད་རྒྱུ་བཞིན་འདུག སྐྱེ་ཁམས་བདག་སྐྱོང་པ་དོན་གྲུབ་ཀྱིས་ལེགས་པར་ཉར་བའི་འདྲ་པར་དེ་ཡུས་ཧྲུའུ་གྲོང་ཁྱེར་གྱི“ལྔ་བཅུ་བཞིའི”འཆར་འགོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཕན་འབྲས་ཐད་ཀྱི་ཆེས་གསོན་ཉམས་ལྡན་པའི་བདེན་དཔང་ཞིག་ཏུ་གྱུར།

“ལྔ་བཅུ་བཞིའི”རིང་ཡུས་ཧྲུའུ་གྲོང་ཁྱེར་གྱིས“ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི”སྐྱེ་ཁམས་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོང་། ནུས་ཆེའི་བཅོས་སྐྱོང་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལྗང་མདོག་གི་རྒྱུགས་ཤོག་སྤྲད།
“ཟླ་རེར་ཉུང་མཐར་ཡང་ཉིན20ཡི་ཡན་ལ་སྐོར་སྲུང་བྱེད་ཀྱི་ཡོད། ཐེངས་རེར་སྤྱི་ལེ་འགར་བསྐྱོད་ནས་སྔོ་ཁེབས་ཀྱི་འགྱུར་ལྡོག་ཐོ་འགོད་དང་མེ་སྐྱོན་གྱི་མངོན་མེད་ཉེན་ཁ་ཞིབ་བཤེར་བྱེད་དགོས།”རོང་པོ་གྲོང་རྡལ་མཚོ་བཟང་སྡེ་བའི་བརླན་སའི་བདག་སྐྱོང་པ་ཀརྨ་ཚེ་བརྟན་གྱི་སྐོར་སྲུང་ཉིན་ཐོའི་ངོས་སུ་གཞི་གྲངས་མང་པོ་ཞིག་བྲིས་ཡོད། རྒྱབ་ཤུན་བརྡར་ནས་ཟད་འདུག་པའི་ཉིན་ཐོ་དེ་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲིའི་མ་ལག་བཙུགས་པའི་ཕྲ་མཐོང་གི་བསྡུས་རིས་ཤིག་རེད།
ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་འཁུར་པས“ལྷན་སྐྱེས་ཉམས་ཞན་གྱི་སྐྱེ་ཁམས་རྨང་གཞི་དེས་ང་ཚོས་ངེས་པར་འགན་འཁྲི་གོ་གནས་དང་པོར་འཇོག་དགོས་པ་ཐག་གཅོད་བྱས་ཡོད”ཅེས་བཤད། “ལྔ་བཅུ་བཞིའི”མགོ་ཚུགས་སྐབས་ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྣེ་ཁྲིད་ནས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགན་འཁྲིའི་གསལ་ཐོ》བཟོས་པ་དང་། སྐྱེ་ཁམས་བདེ་འཇགས་འགན་འཁྲི་དེ་ཞིབ་ཕྲའི་ལས་འགན་དུ་བརྩིས་ཏེ།“ཏང་ཨུས་གཅིག་གྱུར་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཁག་གིས་ལྟ་སྐུལ་དོ་དམ་བྱེད་པ། ལས་བགོ་བྱས་ཏེ་འགན་འཁུར་པའི”བྱ་བའི་ཆགས་སྟངས་བསྐྲུན།
བདག་སྐྱོང་སྟོབས་ཤུགས་ཁ་ཐོར་ཡིན་པའི་དཀའ་གནད་ཐག་གཅོད་བྱ་ཆེད། “མི་གཅིག་ལས་གནས་མང་པོ་དང་། མི་མང་པོ་ཟུང་འབྲེལ”གྱི་ནང་རྐྱེན་གསར་གཏོད་ཁྱབ་སྤེལ་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་བདག་སྐྱོང་པ8033དྲ་མིག་ཅན་གྱི་དོ་དམ་ནང་བསྡུ་སྒྲིལ་བྱས་ཏེ།“འཕྲེད་ཕྱོགས་ཡོངས་སུ་ཁྱབ་པ་དང་། གཞུང་ཕྱོགས་གྲོང་གསེབ་ཏུ་སླེབས་པ། དྲ་མིག་གཅིག་ལས་གནས་གཅིག་ཡིན་པ་བཅས་ཀྱི་འགོག་སྲུང་དྲ་རྒྱ་ཆགས་སུ་བཅུག
“ལྔ་བཅུ་བཞིའི”མཇུག་ཏུ། ཡུས་ཧྲུའུ་གྲོང་ཁྱེར་གྱི་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད68.7%ལ་མཐོ་རུ་ཕྱིན་པ་དང་། ནགས་ཚལ་ཁྱབ་ཚད17.03%ལ་སླེབས་པ། རོང་པོ་ཐང་བདེ་བླག་ངང་རྒྱལ་སྤྱིའི་བརླན་ས་གལ་ཆེའི་ནང་ཚུད་པ། གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཡོངས་ཀྱི“རི་བོ་གཉིས”ཀྱི་ལག་ལེན་གསར་གཏོད་རྟེན་གཞི་ཁག་བདུན་པ་བདེ་བླག་ངང་བཙུགས་པ། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱས་ཡོད།

“སྔོན་ཆད་ཕྱུགས་ལ་བརྟེན་ན་ཡོང་འབབ་གཏན་འཇགས་མིན་ལ། རྩྭ་སར་གཏོར་བརླག་ཀྱང་ཐེབས། ད་ལྟ་བདག་སྐྱོང་པ་བྱས་ན་ལོ་རེར་གླ་ཕོགས་སྒོར་ཁྲི2.16ལེན་ཐུབ་པར་མ་ཟད། རྩྭ་སར་ད་དུང་སྐྱེ་ཁམས་ཁ་གསབ་ཡོད”ཅེས་ཀརྨ་ཚེ་བརྟན་གྱིས“སྐྱེ་ཁམས་རྩིས་ཐོ”རྩིས་རྒྱག་སྐབས་གདོང་ལ་འཛུམ་གྱིས་ཁེངས་ཡོད། རོང་པོ་གྲོང་རྡལ་མཚོ་བཟང་སྡེ་བར་ཁོ་ལྟ་བུའི་བརླན་ས་བདག་སྐྱོང་པ10ཡོད་པ་དང་ཁོ་ཚོས་བཙུགས་པའི་སྐོར་སྲུང་རུ་ཁག་གིས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་རང་བྱུང་སློབ་གསོ་སོགས་ཀྱི་བྱ་བའི་འགན་འཁུར་བཞིན་ཡོད།
ཡུས་ཧྲུའུ་གྲོང་ཁྱེར་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱི་འགན་འཁུར་པས“ལྔ་བཅུ་བཞིའི”རིང་ལ“སྐྱེ་ཁམས+”འཕེལ་རྒྱས་གཏོང་སྟངས་གཙོ་གནད་དུ་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་པར་སྐུལ་འདེད་བཏང་།
སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཁྱབ་ཁོངས་སུ། ཅུས་དེས་སྣེ་ཁྲིད་དེ་ཚད་ལྡན་ཅན་གྱི་མཉམ་ལས་ཁང63བཙུགས་པ་དང་། ཁྱིམ་ཚང་གི་ཕྱུགས་ར46གསོ་སྐྱོང་བྱས། ཞིང་ཆེན་རིམ་པའི་སྣེ་ཁྲིད་ཁེ་ལས3དང་། ཁུལ་རིམ་པའི་ཁེ་ལས11གསོ་སྐྱོང་བྱས་ཏེ།“ལྗང་མདོག་གསོ་སྤེལ—ལས་སྣོན་ཞིབ་ཚགས་དང་གཏིང་ཟབ་པ—ཚོང་རའི་ཚོང་གཉེར་བཅས་ཀྱི”ཐོན་ལས་ཕྲེང་འབྲེལ་ཆ་ཚང་ཞིག་ཆགས་ཡོད།
གཞན་ཡང་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཀྱང་ཡོང་འབབ་འཕར་བའི་གནས་གསར་པ་ཞིག་ཏུ་གྱུར་ཡོད། གཙང་གསུམ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས། ཡུས་ཧྲུའུ་གྲོང་ཁྱེར་གྱིས་རང་བྱུང་སྐྱེ་ཁམས་ཉམས་ལེན་ཡུལ་སྐོར་དང་མི་ཆོས་ལོ་རྒྱུས་འཚོལ་ཞིབ་ཡུལ་སྐོར་སོགས་ཁྱད་ཆོས་ལྡན་པའི་ལམ་ཐིག་བསྐྲུན་ནས། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ6བསྐྲུན། ཡུས་ཧྲུའུ་དཔལ་ཐང་ཆུ་བོ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་དེའི་ནང་གི་དཔེ་མཚོན་ཞིག་རེད། གཞི་གྲངས་ལས་མངོན་པ་ལྟར་ན། “ལྔ་བཅུ་བཞིའི”རིང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་པས་སྒོར་དུང་ཕྱུར24.57ལ་སླེབས་ནས་མང་ཚོགས་ཁྲི2.3ལས་ཀར་ཞུགས་སུ་བཅུག

ཡུས་ཧྲུའུ་གྲོང་ཁྱེར་ཨ་ཁྲོ་ཞང་རྒྱས་ར་སྡེ་བས་གྲོང་གསེབ་དར་སྤེལ་གྱི་རོགས་རམ་འོག་ཁེ་ལས་ནང་འདྲེན་བྱས་ནས་ཡུལ་མིའི་སྡོད་ཁང་སྟོང་པ་བསྒྱུར་བཀོད་བྱས་པ་དང་། གཡུ་ཆུ་ཁའི་རི་གྲོང་བསྐྲུན་པ། འབྲོག་པའི་ཉམས་ལེན་དང་རི་ཐང་རྒྱས་སྤྲོས་སྒར་རྒྱག་སོགས་ཀྱི་རྣམ་པ་གསར་སྤེལ་བྱས། “སྔོན་ཆད་ཁང་པ་རྙིང་པར་སྡོད་མཁན་མེད་ཀྱང་ད་ལྟ་ཡུལ་མིའི་སྡོད་ཁང་དུ་བསྒྱུར་ཡོད། ངས་རི་གྲོང་དུ་ལས་ཀ་བྱེད་ཀྱི་ཡོད། ཟླ་རེའི་གླ་ཕོགས་སྒོར3000ཡོད”ཅེས་སྡེ་མི་སྒྲོལ་མ་ལྷ་སྐྱིད་ཀྱིས་བཤད། ད་སྐབས་གཡུ་ཆུ་ཁ་རི་གྲོང་རྒྱལ་ཡོངས་ཀྱི་ཁ་པ་རིམ་པའི་ཡུལ་སྐོར་འགྲུལ་ཁང་གི་གྲལ་དུ་སླེབས་ནས་སྲོལ་རྒྱུན་འཛུགས་སྐྲུན་དང་རང་བྱུང་མཛེས་ལྗོངས་དེ་མང་ཚོགས་ཀྱི“བདེ་སྐྱིད་ལྡན་པའི་གཏན་འཇགས་རྒྱུ་ནོར”དུ་གྱུར་ཡོད། །